ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁེ་ལས་འབྲིང་ཆུང་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་

ཐོ་འགོད་དུས་ཚོད།:2020-12-02  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁེ་ལས་འབྲིང་ཆུང་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས

 

ཁོངས་གཏོགས་ཀྱི་རིམ་པའི་རིགས་དབྱེ་བ རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་མཛོད།

ཁོངས་གཏོགས་ཀྱི་རིགས་དབྱེ་།ཁེ་ལས

ཁོངས་གཏོགས་ས་ཁུལ

ཁྱབ་བསྒྲགས་སྡེ་ཁག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

ཁྱབ་བསྒྲགས་བྱས་པའི་ཡིག་ཆའི་ཨང་རྟགས]ཀྲུའུ་ཞིའི་བཀའ་ཨང་74པ།

[ཁྱབ་བསྒྲགས་བྱས་པའིདུད་ཚོད 2017-09-01

ནུས་ཐོན་དུས་ཚོད། 2018-10-26

ནུས་པ་ཤོར་བའི་དུས་ཚོད།

ནུས་པའི་གནས་ཚུལ། ནུས་ལྡན།

 

ཁེ་ལས་འབྲིང་ཆུང་ལ་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འདི་བཞིན་2017ལོའི་ཟླ་9ཚེས་1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པའི་ཐོག་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་བས།ད་ལྟ་བཟོ་བཅོས་བརྒྱབ་ཟིན་པའི་ཁེ་ལས་འབྲིང་ཆུང་ལ་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྤྱི་བསྒྲགས་བྱས་ཏེ་2018ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས།

2017ལོའི་ཟླ་9ཚེས་1ཉིན།

 

དཀར་ཆག

ལེའུ་དང་པོ།  སྤྱིའི་དོན་ཚན།

ལེའུ་གཉིས་པ།  ནོར་ཁྲལ་གྱི་རྒྱབ་སྐྱོར།

ལེའུ་གསུམ་པ།  མ་དངུལ་འདུ་འཁོར་བྱེད་པར་སྐུལ་འདེད་གཏོང་བ།

ལེའུ་བཞི་པ།  ལས་སྐྲུན་རོགས་སྐྱོར།

ལེའུ་ལྔ་པ།  གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཕྱོགས་སྐོར།

ལེའུ་དྲུག་པ།  ཚོང་ར་གསར་གཏོད་བྱེད་ཕྱོགས་སྐོར།

ལེའུ་བདུན་པ།  ཞབས་འདེགས་ཞུ་ཐབས་སྐོར།

ལེའུ་བརྒྱད་པ།  ཁེ་དབང་སྲུང་སྐྱོང་བྱེད་ཕྱོགས་སྐོར།

ལེའུ་དགུ་པ།  ལྟ་སྐུལ་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

ལེའུ་བཅུ་པ།  ཞར་བྱུང་དོན་ཚན།

 

ལེའུ་དང་པོ། སྤྱིའི་དོན་ཚན།

 

དོན་ཚན་དང་པོ།  ཁེ་ལས་ཆུང་འབྲིང་གི་བདག་གཉེར་ཁོར་ཡུག་ལེགས་བཅོས་གཏོང་བ་དང་།  ཁེ་ལས་ཆུང་འབྲིང་རྣམས་དྲང་གཞག་ངང་ཚོང་རའི་འགྲན་རྩོད་ནང་ཞུགས་པར་འགན་སྲུང་བྱེད་པ།  ཁེ་ལས་ཆུང་འབྲིང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ།  ཁེ་ལས་ཆུང་འབྲིང་གིས་ལས་སྒོ་གསར་སྤེལ་དང་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པ།  ཁེ་ལས་ཆུང་འབྲིང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་རྒྱ་ཁྱོན་ཇེ་ཆེར་གཏོང་བ།  ཁེ་ལས་ཆུང་འབྲིང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བ་ལ་ནུས་པ་གལ་ཆེན་འདོན་སྤེལ་བཅས་བྱེད་ཆེད་བཅའ་ཁྲིམས་འདི་བཟོས་པ་ཡིན།

 

དོན་ཚན་གཉིས་པ།  བཅའ་ཁྲིམས་འདིར་ཁེ་ལས་ཆུང་འབྲིང་ཅེས་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཁྲིམས་ལྟར་བཙུགས་ཤིང་།  མི་སྣའི་གཞི་ཁྱོན་དང་གཉེར་སྐྱོང་གཞི་ཁྱོན་ཅུང་ཆུང་བའི་ཁེ་ལས་ལ་ཟེར།  དེའི་ཁོངས་སུ་ཁེ་ལས་འབྲིང་བ་དང་།  ཁེ་ལས་ཆུང་གྲས།  ཁེ་ལས་ཆེས་ཆུང་གྲས་བཅས་ཚུད་ཡོད།

 

ཁེ་ལས་འབྲིང་གྲས་དང་།  ཁེ་ལས་ཆུང་གྲས།  ཁེ་ལས་ཆེས་ཆུང་གྲས་བཅས་ཀྱི་དབྱེ་འབྱེད་ཚད་གཞི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཁེ་ལས་ཆུང་འབྲིང་གི་བྱ་བའི་ཕྱོགས་བསྡུས་དོ་དམ་ལ་འགན་ཁུར་བའི་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁེ་ལས་ཀྱི་ལས་སྒྲུབ་མི་སྣ་དང་།  ལས་གཉེར་ཡོང་འབབ།  རྒྱུ་ནོར་བསྡོམས་འབོར་སོགས་ཀྱི་དམིགས་ཚད་།  ལས་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ།  རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས།

 

དོན་ཚན་གསུམ་པ།  རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡུན་རིང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་སུ་བརྩིས་ནས།  ཁེ་ལས་རིགས་ཁག་གི་ཁེ་དབང་འདྲ་མཉམ་དང་།  གོ་སྐབས་འདྲ་མཉམ།  སྒྲིག་སྲོལ་འདྲ་མཉམ་བཅས་རྒྱུན་འཁྱོངས་བྱ་དགོས།  ་ལས་ཆུང་འབྲིང་དང་ལྷག་པར་དུ་དེའི་ནང་གི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རོགས་སྐྱོར་ཧུར་ཐག་བྱེད་པ།  ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ།  ཞབས་ཞུ་འཐུས་སྒོ་ཇེ་ཚང་དུ་གཏོང་བ།  ཁྲིམས་ལྟར་ཚད་ལྡན་དུ་བཟོ་བ།  ཁེ་དབང་འགན་སྲུང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ་ཁེ་ལས་ཆུང་འབྲིང་གསར་འཛུགས་དང་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ཁོར་ཡུག་བསྐྲུན་རྒྱུ།

 

དོན་ཚན་བཞི་པ།  ཁེ་ལས་ཆུང་འབྲིང་གིས་ཁྲིམས་ལྟར་གཉེར་སྐྱོང་བྱ་དགོས་པ་དང་།  རྒྱལ་ཁབ་ཀྱི་ངལ་རྩོལ་ལས་མི་བཀོལ་སྤྱོད་དང་།  ཉེན་མེད་ཐོན་སྐྱེད།  ལས་རིགས་འཕྲོད་བསྟེན།  སྤྱི་ཚོགས་འགན་སྲུང་།  ཐོན་ཁུངས་ཁོར་ཡུག་གི་སྤུས་ཀའི་ཚད་གཞི།  ཤེས་བྱའི་ཐོན་དངོས་ཀྱི་བདག་དབང་།  ནོར་སྲིད་ཁྲལ་བསྡུ་སོགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱ་དགོས།  ཁ་དན་ཚིག་གནས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་།  ནང་ཁུལ་གྱི་དོ་དམ་ཚད་ལྡན་དུ་གཏོང་བ།  གཉེར་སྐྱོང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ།  ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག་ལ་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལའང་གནོད་འཚེ་བཏང་མི་ཆོག

 

དོན་ཚན་ལྔ་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་གཏན་འབེབས་དང་།  ཁེ་ལས་ཆུང་འབྲིང་སྐུལ་སྤེལ་བྱ་བར་མཐུན་སྦྱོར་ལམ་སྲོལ་འཛུགས་པ།  རྒྱལ་ཡོངས་ཀྱི་ཁེ་ལས་ཆུང་འབྲིང་ལ་སྐུལ་སྤེལ་གཏོང་བའི་ལས་ཀ་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུ།

 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་ཀྱི་ཁེ་ལས་ཆུང་འབྲིང་གི་བྱ་བའི་ཕྱོགས་བསྡུས་དོ་དམ་ལ་འགན་ཁུར་བའི་སྡེ་ཁག་གིས་ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བར་སྐུལ་སྤེལ་གཏོང་བའི་སྲིད་ཇུས་ལག་བསྟར་སྒྲིག་འཛུགས་བྱས་ཏེ་ཁེ་ལས་ཆུང་འབྲིང་ལ་སྐུལ་སྤེལ་གཏོང་བའི་ལས་དོན་ལ་སྤྱི་ཁོག་ནས་སློབ་སྟོན་དང་།  ཕྱོགས་བསྡུས་ཀྱིས་མཐུན་སྦྱོར།  ལྟ་སྐུལ་དང་ཞིབ་བཤེར་བཅས་བྱ་རྒྱུ།

 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་ལ་གཞིགས་ནས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ཁེ་ལས་ཆུང་འབྲིང་ལ་སྐུལ་སྤེལ་གཏོང་བའི་ལས་ཀར་འགན་འཁུར་རྒྱུ།

 

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གནས་ཚུལ་དངོས་ལ་གཞིགས་ནས་ཁེ་ལས་ཆུང་འབྲིང་འཛུགས་བསྐྲུན་བྱས་ཏེ་ལས་ཀ་མཐུན་སྦྱོར་བྱེད་པའི་ལམ་སྲོལ་ལ་སྐུལ་འདེད་བྱེད་པ།  འགན་འཁུར་བའི་སྡེ་ཁག་ཁ་གསལ་བཟོས་ནས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཁེ་ལས་ཆུང་འབྲིང་ལ་སྐུལ་འདེད་གཏོང་བའི་ལས་ཀར་འགན་འཁུར་དགོས།

 

དོན་ཚན་དྲུག་པ།  རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་འབྲིང་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་ལུགས་འཛུགས་རྒྱུ། བསྡོམས་རྩིས་སྡེ་ཁག་གིས་ཁེ་ལས་ཆུང་འབྲིང་ལ་བསྡོམས་རྩིས་བརྟག་དཔྱད་དང་དབྱེ་ཞིབ་བྱེད་པར་ཤུགས་སྣོན་བརྒྱབ་ནས་དུས་བཀག་ལྟར་འབྲེལ་ཡོད་ཆ་འཕྲིན་འགྲེམས་སྤེལ་དང་ཁྱབ་བསྒྲགས་བྱ་དགོས།

 

དོན་ཚན་བདུན་པ།  རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་འབྲིང་གི་ཡིད་རྟོན་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དང་། སྤྱི་ཚོགས་ཅན་དུ་འགྱུར་བའི་ཡིད་རྟོན་ཆ་འཕྲིན་འཚོལ་སྡུད་དང་གདེང་འཇོག་མ་ལག་བཙུགས་ཏེ་ཁེ་ལས་ཆུང་འབྲིང་གི་ཡིད་རྟོན་ཆ་འཕྲིན་འདྲི་རྩད་དང་།  སྤེལ་རེས།  མཉམ་སྤྱོད་བཅས་སྤྱི་ཚོགས་ཅན་དུ་འགྱུར་བ་བྱ་རྒྱུ།

 

 

ལེའུ་གཉིས་པ། ནོར་ཁྲལ་གྱི་རྒྱབ་སྐྱོར།

 

དོན་ཚན་བརྒྱད་པ།  ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་པ་དེ་གའི་སྔོན་རྩིས་ནང་ཁེ་ལས་ཆུང་འབྲིང་གི་ཚན་པ་བཙུགས་ནས་ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བའི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱ་དགོས།

 

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་གནས་ཚུལ་དངོས་ལ་གཞིགས་ནས་རིམ་པ་དེ་གའི་ནོར་སྲིད་ཀྱི་སྔོན་རྩིས་ནང་ཁེ་ལས་ཆུངའབྲིང་གོང་དུ་སྤེལ་བའི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱ་དགོས།

 

དོན་ཚན་དགུ་པ།  ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བའི་ཆེད་སྤྱོད་མ་དངུལ་ནི་རོགས་དངུལ་སྤྲོད་པ་དང་།  ཞབས་ཞུ་ཉོ་བ།  བྱ་དགའ་སྤྲོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཙོ་བོ་ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་མ་ལག་དང་དངུལ་རྩའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པར་སྤྱོད་དགོས།

 

ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་བའི་ཆེད་སྤྱོད་མ་དངུལ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་གཞོགས་ནས།  མ་དངུལ་དོ་དམ་དང་བཀོལ་སྤྱོད་བྱེད་པར་ཡོངས་བསྒྲགས་དང་གསལ་ཆ་ལྡན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  སྔོན་རྩིས་ཀྱི་ཕན་འབྲས་ལ་དོ་དམ་བྱེད་པ་ལག་བསྟར་བྱེད་དགོས།

 

དོན་ཚན་བཅུ་པ།  རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བའི་ཐེབས་རྩ་འཛུགས་རྒྱུ།  རྒྱལ་ཁབ་ཀྱི་ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བའི་ཐེབས་རྩས་སྲིད་ཇུས་རང་བཞིན་གྱི་ཁྲིད་ཕྱོགས་དང་ཚོང་ར་ཅན་དུ་འགྱུར་བའི་འཁོར་སྐྱོད་རྩ་དོན་ལ་བརྩི་སྲུང་ཞུས་ཏེ།  གཙོ་བོ་སྤྱི་ཚོགས་ཀྱི་མ་དངུལ་གྱིས་ཐོག་མའི་གསར་གཏོད་དུས་སྐབས་ཀྱི་ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་དང་སྐུལ་ཁྲིད་བྱས་ནས་བྱ་བཞག་གསར་འབྱེད་དང་གསར་བཟོ་ལ་སྐུལ་འདེད་གཏོང་བར་སྤྱོད་དགོས།

 

རྫོང་རིམ་པ་ཡན་གྱི་ས་གནས་སོ་སོའི་མི་དམངས་སྲིད་གཞུང་གིས་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ཐེབས་རྩ་བཙུགས་ཆོག  ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ཐེབས་རྩ་འཛུགས་པ་དང་བེད་སྤྱོད་དོ་དམ་བྱ་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་འབེབས་བྱ་རྒྱུ།

 

དོན་ཚན་བཅུ་གཅིག་པ།  རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་གྲས་འཕེལ་རྒྱས་གཏོང་བར་ཕན་པའི་ཁྲལ་བསྡུའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་དང་།  ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་གཏན་འབེབས་ལྟར་ཁེ་ལས་ཀྱི་འབབ་ཁྲལ་ཕྱིར་འགྱངས་དང་།  ཉུང་དུ་བསྡུ་བ།  རྩ་ཆག་གཏོང་བ་སོགས་ཀྱི་བྱེད་ཐབས་ལག་ལེན་བསྟར་ནས་ཁྲལ་འབབ་བསྡུ་ལེན་དང་དོ་དམ་བྱེད་པའི་གོ་རིམ་སྟབས་བདེ་རུ་གཏོང་བ་དང་།  ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁྲལ་འབབ་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ།

 

དོན་ཚན་བཅུ་གཉིས་པ།  རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་སྲིད་དོན་བྱ་གཞག་ཀྱི་རང་བཞིན་ལྡན་པའི་གླ་ཡོན་རྩ་ཆག་གཏོང་རྒྱུ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བྱས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ།

 

ལེའུ་གསུམ་པ། མ་དངུལ་འདུ་འཁོར་བྱེད་པར་སྐུལ་འདེད་གཏོང་བ།

 

དོན་ཚན་བཅུ་གསུམ་པ།  དངུལ་རྩའི་ལས་ཁུངས་གིས་ངེས་པར་དུ་དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ཕན་ནུས་འདོན་སྤེལ་བྱས་ནས་ལས་ཆོད་ཆེ་བ་དང་དྲང་གཞག་གི་སྒོ་ནས་ཁེ་ལས་ཆུང་འབྲིང་ལ་ཞབས་འདེགས་ཞུ་དགོས།

 

དོན་ཚན་བཅུ་བཞི་པ།  ཀྲུང་གོའི་མི་དམངས་དངུལ་ཁང་གིས་དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་དེ་དངུལ་རྩའི་ལས་ཁུངས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཡིད་རྟོན་དངུལ་བུན་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་བསྔགས་སྐུལ་དང་ཁྲིད་སྟོན་བྱས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་རུབ་ཀྱི་ཁོར་ཡུག་ལེགས་བཅོས་བྱ་དགོས།

 

དོན་ཚན་བཅོ་ལྔ་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ལས་ཁུངས་གིས་དངུལ་རྩའི་ལས་ཁུངས་ལ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུ་སྤེལ་བར་ཁྱད་པར་རང་བཞིན་གྱི་ལྟ་སྐུལ་དོ་དམ་གྱི་སྲིད་ཇུས་གཏན་འབེབས་བྱ་དགོས་པ་དང་།  ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཚུལ་མིན་དངུལ་བུན་བཟོད་སྒོམ་བྱེད་ཚད་ལུགས་དང་མཐུན་པར་མཐོ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་རུབ་བྱེད་ཁྱོན་དང་བསྡུར་ཚད་མང་དུ་གཏོང་བར་ཁྲིད་སྟོན་བྱས་ནས་དངུལ་རྩའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།

 

དོན་ཚན་བཅུ་དྲུག་པ།  དངུལ་རྩའི་ལས་ཁུངས་རིགས་ཁག་གིས་ཁེ་ལས་ཆུང་འབྲིང་གི་ཁྱད་ཆོས་དང་མཐུན་པའི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་སྤེལ་དང་འདོན་སྤྲོད་བྱེད་པར་རྒྱལ་ཁབ་ཀྱིས་གཟེངས་བསྟོད་བྱ་རྒྱུ།

 

རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་ལྡན་པའི་དངུལ་རྩའི་ལས་ཁུངས་གིས་རང་གི་ལས་སྒོ་ལས་གཉེར་བྱེད་ཁོངས་སུ་རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་ཁེ་ལས་ཆུང་འབྲིང་ལ་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱ་དགོས།

 

དོན་ཚན་བཅུ་བདུན་པ།  རྒྱལ་ཁབ་ཀྱིས་ཀུན་ཕན་དངུལ་རྩའི་མ་ལག་འཛུགས་པར་སྐུལ་འདེད་དང་རྒྱབ་སྐྱོར།  དངུལ་ཁང་ཆུང་འབྲིང་དང་།  བཅོལ་དངུལ་མིན་པའི་རིགས་ཀྱི་དངུལ་བུན་གཏོང་བའི་སྒྲིག་གཞི།དྲ་སྦྲེལ་དངུལ་རྩ་བཅས་གོ་རིམ་ལྡན་ཞིང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ།  དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་གིས་རྫོང་གི་ཁྱབ་ཁོངས་དང་ཞང་གྲོང་རྡལ་སོགས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུ་ཞན་པའི་ས་ཁུལ་དུ་དྲ་ཚིགས་དང་ལས་སྒོ་མཆེད་པར་ཁྲིད་སྟོན་བཅས་བྱ་རྒྱུ།

 

རྒྱལ་ཁབ་ལ་དབང་བའི་ཚོང་ལས་དངུལ་ཁང་ཆེ་གྲས་ཀྱིས་ངེས་པར་དུ་ཀུན་ཕན་དངུལ་རྩའི་ལས་ཁུངས་བཙུགས་ནས་ཕྲན་ཚེགས་ཁེ་ལས་ལ་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་དགོས།   རྒྱལ་ཁབ་ཀྱིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་གཞན་དག་གིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུའི་ཆེད་གཉེར་སྒྲིག་གཞི་འཛུགས་པར་སྐུལ་འདེད་གཏོང་།

 

ས་ཁུལ་རང་བཞིན་གྱི་དངུལ་ཁང་ཆུང་འབྲིང་གིས་རང་གནས་སའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་དངུལ་རྩའི་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱས་ནས་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

 

དོན་ཚན་བཅོ་བརྒྱད་པ།  རྒྱལ་ཁབ་ཀྱིས་རིམ་པ་མང་བའི་མ་རྩའི་ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་།  ཐབས་ལམ་མང་པོར་བརྟེན་ནས་རྐང་དབང་གིས་མ་དངུལ་བསྡུ་རུབ་བྱེད་པར་སྐུལ་འདེད་གཏོང་རྒྱུ།  བུན་འཛིན་ཁྲོམ་་ར་འཕེལ་རྒྱས་གཏོང་བ་དང་ཚད་ལྡན་དུ་གཏོང་རྒྱུ།  ཁེ་ལས་ཆུང་འབྲིང་གིས་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་ཐད་ཀར་མ་དངུལ་བསྡུ་རུབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་བཅས་བྱེད་དགོས།

 

དོན་ཚན་བཅུ་དགུ་པ།  རྒྱལ་ཁབ་ཀྱིས་ཁག་ཐེག་མ་དངུལ་བསྡུ་རུབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དངུལ་རྩའི་ལས་ཁུངས་ཀྱིས་ཁེ་ལས་ཆུང་འབྲིང་ལ་བསྡུ་དགོས་པའི་རྩིས་ཁྲ་དང་།  ཤེས་བྱའི་ཐོན་དངོས་བདག་དབང་།  བསགས་དངོས།  འཕྲུལ་འཁོར་སྒྲིག་ཆས་སོགས་ཁག་ཐེག་དངོས་རྫས་སུ་བྱེད་པའི་ཁག་ཐེག་མ་དངུལ་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

 

དོན་ཚན་ཉི་ཤུ་པ།  ཁེ་ལས་ཆུང་འབྲིང་གིས་རྩིས་ཁྲར་འཁོད་པའི་དངུལ་བསྡུ་དགོས་རིགས་ལ་ཁག་ཐེག་གིས་མ་དངུལ་བསྡུ་རྒྱུའི་རེ་འདུན་ཞུ་སྐབས།  དེའི་བསྡུ་དགོས་པའི་རྩིས་ཁྲའི་ནང་གི་དངུལ་སྤྲོད་མཁན་ཕྱོགས་ཀྱིས་བུན་དབང་དང་བུ་ལོན་གྱི་འབྲེལ་བ་དུས་ཐོག་ཏུ་གཏན་འཁེལ་བྱས་ནས་ཁེ་ལས་ཆུང་འབྲིང་གིས་མ་དངུལ་བསྡུ་བར་རྒྱབ་སྐྱོར་བྱ་དགོས།

 

ཁེ་ལས་ཆུང་འབྲིང་དང་དངུལ་སྤྲོད་མཁན་ཕྱོགས་ཀྱིས་བསྡུ་དགོས་བའི་རྩིས་ཁྲའི་མ་དངུལ་བསྡུ་རུབ་ཞབས་ཞུའི་ལས་སྟེགས་བརྒྱད་དེ་བུན་དབང་དང་བུ་ལོན་གྱི་འབྲེལ་བ་གཏན་འཁེལ་བྱས་ནས་མ་དངུལ་བསྡུ་རབ་ཀྱི་ལས་ཆོད་ཆེ་རུ་གཏོང་བ་དང་། མ་དངུལ་བསྡུ་རུབ་ཀྱི་མ་གནས་ཆུང་དུ་གཏོང་བར་རྒྱལ་ཁབ་ཀྱིས་གཟེངས་བསྟོད་བྱ་རྒྱུ།

 

དོན་ཚན་ཉེར་གཅིག་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁེ་ལས་ཆུང་འབྲིང་ལ་སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་ཡིད་རྟོན་ཁག་ཐེག་མ་ལག་བཙུགས་ནས་ཁག་ཐེག་སྒྲིག་གཞི་རིགས་ཁག་གིས་ཁེ་ལས་ཆུང་འབྲིང་གིས་མ་དངུལ་་བསྡུ་རུབ་བྱེད་པར་ཡིད་རྟོན་ཁག་ཐེག་བྱེད་པར་གཟེངས་བསྟོད་བྱ་དགོས།

 

དོན་ཚན་ཉེར་གཉིས་པ།  རྒྱལ་ཁབ་ཀྱིས་ཉེན་འགོག་འགན་ལེན་ལས་ཁུངས་ཀྱིས་ཁེ་ལས་ཆུང་འབྲིང་ལ་དངུལ་བུན་གཏོང་བར་ཁག་ཐེག་བྱེད་པའི་ཉེན་འགོག་འགན་ལེན་དང་ཡིད་རྟོན་ཉེན་འགོག་འགན་ལེན་གྱི་ལས་སྒོ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དང་། ཁེ་ལས་ཆུང་འབྲིང་གིས་ཉེན་ཁ་གྲམ་པ་དང་གྱོང་གུན་གསབ་པའི་དགོས་མཁོ་དང་མཐུན་པའི་ཉེན་འགོག་འགན་ལེན་གྱི་ཐོན་རྫས་གསར་སྤེལ་བྱ་རྒྱུ།

 

དོན་ཚན་ཉེར་གསུམ་པ།  རྒྱལ་ཁབ་ཀྱིས་ཡིད་རྟོན་བསྡུ་ལེན་སྒྲིག་གཞིས་ཁེ་ལས་ཆུང་འབྲིང་ལ་མ་དངུལ་བསྡུ་རུབ་བྱེད་པའི་ཡིད་རྟོན་བསྡུ་ལེན་ཐོན་རྫས་དང་ཞབས་ཞུ་འཕེལ་རྒྱས་གཏོང་བ་དང་།  སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་བྱ་ལས་སྡེ་ཚན། ཚོང་ལས་སྒྲིག་གཞི་བཅས་ནས་ཁྲིམས་ལྟར་ཆ་འཕྲིན་བསྡུ་ལེན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

 

ཕྱོགས་གསུམ་པའི་རིམ་པ་དཔྱད་བསྡུར་ལས་ཁུངས་ཀྱིས་ཁེ་ལས་ཆུང་འབྲིང་ལ་རིམ་པ་དཔྱད་བསྡུར་ཞབས་འདེགས་ཞུ་བར་རྒྱལ་ཁབ་ཀྱིས་གཟེངས་བསྟོད་བྱ་རྒྱུ།

 

ལེའུ་བཞི་པ། ལས་སྐྲུན་ལ་རོགས་སྐྱོར།

 

དོན་ཚན་ཉེར་བཞི་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་སྲིད་གཞུང་གི་དྲ་ཚིགས་དང་དྲིལ་བསྒྲགས་ཡིག་རིགས་སོགས་ཀྱི་རྣམ་པའི་ཐོག་ནས་བྱ་གཞག་གསར་གཏོད་བྱེད་མཁན་ལ་རིན་དོད་མི་དགོས་པར་བཟོ་ཚོང་དང་།  ནོར་ཁྲལ།  དངུལ་རྩ།  ཁོར་ཡུག་སྲུང་སྐྱོང་།  ཉེན་མེད་ཐོན་སྐྱེད།  ངལ་རྩོལ་མི་སྤྱོད།  སྤྱི་ཚོགས་འགན་སྲུང་སོགས་ཕྱོགས་ཀྱི་ཁྲིམས་ལུགས་དང་སྲིད་ཇུས་ཐད་ཀྱི་བློ་འདྲི་དང་སྤྱི་པའི་ཆ་འཕྲིན་ཞབས་ཞུ་འདོན་སྤྲོད་བྱ་དགོས།

 

དོན་ཚན་ཉེར་ལྔ་པ།  མཐོ་རིམ་སློབ་གྲྭའི་སློབ་མཐར་ཕྱིན་པའི་སློབ་མ་དང་།  དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི།  ལས་ཤོར་མི་སྣ།  དབང་པོ་སྐྱོན་ཅན་སོགས་ཀྱིས་ཁེ་ལས་ཆུང་རིགས་གསར་དུ་འཛུགས་པར་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ཁྲལ་བསྡུའི་གཟིགས་སྐྱོང་དང་གླ་རིན་ཇེ་ཡང་དང་མེད་པར་གཏོང་བ་ལོངས་སྤྱོད་བྱེད།

 

དོན་ཚན་ཉེར་དྲུག་པ།  སྤྱི་ཚོགས་ཀྱི་མ་དངུལ་རྣམས་ཁེ་ལས་ཆུང་འབྲིང་ལ་མ་དངུལ་འཇོག་པར་ཞུགས་པར་རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་རྒྱབ་སྐྱོར་བྱ་རྒྱུ།  བྱ་གཞག་གསར་གཏོད་ལ་མ་དངུལ་འཇོག་པའི་ཁེ་ལས་དང་མ་དངུལ་འཇོག་མཁན་མི་སྒེར་གྱིས་ཐོག་མའི་གསར་གཏོད་དུས་ཀྱི་ཚན་རྩལ་གསར་གཏོད་ཁེ་ལས་ལ་མ་དངུལ་བཞག་ན།  རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ།

 

དོན་ཚན་ཉེར་བདུན་པ།  རྒྱལ་ཁབ་ཀྱིས་ཁེ་ལས་ཀྱི་བྱ་གཞག་གསར་གཏོད་བྱེད་པའི་ཁོར་ཡུག་ལེགས་བཅོས་དང་།  ཞིབ་བཤེར་ཆོག་མཆན་འགོད་རིམ་ལེགས་འགྱུར།  ཁེ་ལས་ཆུང་འབྲིང་གི་སྲིད་འཛིན་བཀའ་འཁྲོལ་སྟབས་བདེ་ཡོང་བ་བྱེད་པ།  ཁེ་ལས་ཆུང་འབྲིང་འཛུགས་པའི་མ་གནས་ཆུང་དུ་གཏོང་རྒྱུ་བཅས་བྱེད་དགོས།

 

དོན་ཚན་ཉེར་བརྒྱད་པ།  རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་གྲས་དང་ཤིན་ཏུ་ཆུང་གྲས་ཀྱི་ལས་སྐྲུན་རྟེན་གཞི་དང་རུམ་གསོའི་རྟེན་གཞི་འཛུགས་སྐྲུན་དང་གསར་འཛུགས་བྱེད་པར་གཟེངས་བསྟོད་བྱས་ནས་ཁེ་ལས་ཆུང་གྲས་དང་ཤིན་ཏུ་ཆུང་གྲས་ལ་ཐོན་སྐྱེད་ལས་གཉེར་བྱེད་ས་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུ།

 

དོན་ཚན་ཉེར་དགུ་པ།  ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བའི་དགོས་མཁོར་གཞིགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་གཞིའི་ནང་ས་ཆ་དང་སྒྲིག་བཀོད་དགོས་ངེས་བཀོད་སྒྲིག་བྱས་ཏེ་ཁེ་ལས་ཆུང་འབྲིང་ལ་ཐོན་སྐྱེད་ལས་གཉེར་་བྱེད་ས་ཐོབ་པར་སྟབས་བདེ་ཡོང་བར་བྱ་དགོས།

 

བེད་མེད་དུ་བསྐྱུར་བའི་ཚོང་ལས་ལ་སྤྱོད་པའི་ཁང་པ་དང་།  བཟོ་ལས་བཟོ་ཁང་།  ཁེ་ལས་ཀྱི་མཛོད་ཁང་།  དངོས་ཟོག་སྐྱེལ་འདྲེན་སྒྲིག་བཀོད་སོགས་བེད་སྤྱོད་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱས་ནས་བྱ་གཞག་གསར་གཏོད་བྱེད་མཁན་ལ་མ་གནས་དམའ་བའི་ཐོན་སྐྱེད་ལས་གཉེར་བྱེད་ས་འདོན་སྤྲོད་བྱ་རྒྱུ།

 

དོན་ཚན་སུམ་ཅུ་པ།  འཕྲིན་སྦྲེལ་དྲ་བའི་ལས་སྟེགས་ཀྱིས་ཁེ་ལས་ཆུང་འབྲིང་ལ་སྒོ་འབྱེད་པའི་ལག་རྩལ་དང་།  གསར་སྤེལ།  ཚོང་གཉེར།  ཁྱབ་སྤེལ་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཐོན་ཁུངས་མཉམ་སྤྱོད་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་ཆུང་འབྲིང་གིས་ལས་སྒོ་གསར་འབྱེད་ལ་ཞབས་ཞུ་མཁོ་འདོན་བྱེད་པར་རྒྱལ་ཁབ་ཀྱིས་གཟེངས་བསྟོད་བྱ་རྒྱུ།

 

དོན་ཚན་སོ་གཅིག་པ།   རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་འབྲིང་ཐོ་ཁོངས་ནས་བསུབ་པའི་གོ་རིམ་སྟབས་བདེ་རུ་བཏང་ནས་ཁེ་ལས་ཆུང་འབྲིང་གི་ཁྲོམ་ར་ཕྱིར་ནུར་བ་སྟབས་བདེ་ཅན་དུ་འགྱུར་བ་མངོན་འགྱུར་ཡོང་བ་བྱ་དགོས།

 

ལེའུ་ལྔ་པ། གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཕྱོགས་སྐོར།

 

དོན་ཚན་སོ་གཉིས་པ།  རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་འབྲིང་གིས་ཚོང་རའི་དགོས་མཁོ་ལྟར་ལག་རྩལ་དང་། ཐོན་རྫས། དོ་དམ་བྱེད་སྟངས།ཚོང་ལས་ཀྱི་མ་དཔེ་སོགས་གསར་གཏོད་བྱེད་པར་གཟེངས་བསྟོད་བྱ་རྒྱུ།

 

ཁེ་ལས་ཆུང་འབྲིང་གི་གཏན་འཇགས་རྒྱུ་ནོར་དེ་ལག་རྩལ་ཡར་ཐོན་བྱུང་བ་སོགས་ཀྱི་རྐྱེན།  རྙིང་འགྱུར་ཚབ་ལེན་བྱེད་ཚད་མགྱོགས་སུ་གཏོང་དགོས་ངེས་ཡིན་རིགས་ལ་བཅའ་ཁྲིམས་ལྟར་རྙིང་འགྱུར་ཚབ་ལེན་ལོ་ཚད་ཐུང་དུ་བཏང་ཆོག་པའམ་ཡང་ན་རྙིང་འགྱུར་ཚབ་ལེན་བྱེད་མྱུར་མགྱོགས་སུ་གཏོང་ཐབས་སྤྱད་ཆོག

 

རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་འབྲིང་ཞིབ་འཇུག་གསར་སྤེལ་བྱེད་པའི་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་།  ཁེ་ལས་ཆུང་འབྲིང་གི་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱ་དགོས།

 

དོན་ཚན་སོ་གསུམ་པ།  ཁེ་ལས་ཆུང་འབྲིང་གིས་ཇུས་འགོད་ཞིབ་འཇུག་གསར་སྤེལ་དང་།  ཐོན་སྐྱེད་བཟོ་སྐྲུན།  འཁོར་སྤྱོད་ཚོང་གཉེར་དོ་དམ་སོགས་ཀྱི་ལྷུ་ཚིགས་སུ་དྲ་སྦྲེལ་དང་།  སྤྲིན་རྩིས།  གཞི་གྲངས་ཆེན་པོ།  མིས་བཟོས་རིག་ནུས་སོགས་དེང་རབས་ཀྱི་ལག་རྩལ་བྱེད་ཐབས་སྤྱད་དེ་ཐོན་སྐྱེད་བྱེད་སྟངས་གསར་གཏོད་དང་ཐོན་སྐྱེད་ལས་གཉེར་གྱི་ལས་ཆོད་ཆེ་རུ་གཏོང་བར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ།

 

དོན་ཚན་སོ་བཞི་པ།  ཁེ་ལས་ཆུང་འབྲིང་གིས་ཐོན་ལས་ཀྱི་འགག་རྩའི་ཐུན་མོང་རང་བཞིན་ལྡན་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་པར་ཞུགས་པ་དང་ནོར་སྲིད་མ་དངུལ་ལ་བརྟེན་ནས་བཙུགས་པའི་ཚན་རིག་ཞིབ་འཇུག་རྣམ་གྲངས་ལག་བསྟར་བྱེད་པར་རྒྱལ་ཁབ་ཀྱིས་གཟེངས་བསྟོད་བྱ་རྒྱུ།

 

རྒྱལ་ཁབ་ཀྱིས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཆུང་འབྲིང་རྒྱལ་སྲུང་ཚན་རིག་ཞིབ་འཇུག་དང་ཐོན་སྐྱེད་བྱེད་སྒོར་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ།

 

རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་འབྲིང་དང་ཁེ་ལས་ཆུང་འབྲིང་གི་འབྲེལ་ཡོད་ལས་རིགས་རྩ་འཛུགས་སུ་ཞུགས་པའི་ཚད་གཞི་གཏན་འབེབས་བྱེད་པར་རྒྱབ་སྐྱོར་བྱ།

 

དོན་ཚན་སོ་ལྔ་པ།  ཁེ་ལས་ཆུང་འབྲིང་གིས་རང་བདག་གི་ཤེས་བྱའི་ཐོན་དངོས་བདག་དབང་ཡོད་པའི་ལག་རྩལ་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་།   ནང་ཁུལ་གྱི་ཤེས་བྱའི་ཐོན་དངོས་བདག་དབང་དོ་དམ་ཚད་ལྡན་དུ་གཏོང་བ། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་ལ་རྒྱལ་ཁབ་ཀྱིས་གཟེངས་བསྟོད་བྱ་རྒྱུ་དང་།   ཁེ་ལས་ཆུང་འབྲིང་གིས་ཤེས་བྱའི་ཐོན་དངོས་བདག་དབང་གི་ཉེན་འགོག་འགན་ལེན་བྱེད་པར་གཟེངས་བསྟོད་བྱ་དགོས། ཁེ་ལས་ཆུང་འབྲིང་གི་རེ་ཞུ་དང་ཤེས་བྱའི་ཐོན་དངོས་བདག་དབང་རྒྱུན་འཁྱོངས་བྱེད་པའི་འགྲོ་གྲོན་སོགས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས།

 

དོན་ཚན་སོ་དྲུག་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་འཆར་འགོད་དང་།  ས་ཆ་སྤྱོད་པ།  ནོར་སྲིད་སོགས་ཀྱི་ཐད་རྒྱབ་སྐྱོར་བྱས་ནས་གསར་གཏོད་ཞབས་ཞུའི་ལས་ཁུངས་སྣ་ཚོགས་འཛུགས་པ་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས།

 

གསར་གཏོད་ཞབས་ཞུའི་ལས་ཁུངས་ཀྱིས་ཁེ་ལས་ཆུང་འབྲིང་ལ་ལག་རྩལ་གྱི་ཆ་འཕྲིན་དང་།  ཞིབ་འཇུག་གསར་སྤེལ་གྱི་ཇུས་འགོད་དང་ཉེར་སྤྱོད།  སྤུས་ཀའི་ཚད་གཞི།  ཚོད་ལྟའི་ཚོད་བགམ།  བརྟག་བཤེར་ཞིབ་དཔྱད།  ལག་རྩལ་བརྒྱུད་སྤྲོད།  ལག་རྩལ་གྱི་གསོ་སྐྱོང་དང་སྦྱོང་བརྡར་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པར་རྒྱལ་ཁབ་ཀྱིས་གཟེངས་བསྟོད་བྱ་རྒྱུ་དང་།་ ཚན་རྩལ་གྱི་གྲུབ་འབྲས་འཕོ་འགྱུར་གཏོང་བར་སྐུལ་སྤེལ་དང་།  ཁེ་ལས་ཀྱི་ལག་རྩལ་དང་ཐོན་རྫས་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་རྒྱུ།

 

དོན་ཚན་སོ་བདུན་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་།   ཁ་གསབ་དང་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་མཐོ་རིམ་སློབ་གྲྭའི་སློབ་མཐར་ཕྱིན་པའི་སློབ་མ་ཁེ་ལས་ཆུང་འབྲིང་དུ་ལས་ཞུགས་བྱེད་པར་ཁྲིད་སྟོན་དང་།  ཁེ་ལས་ཆུང་འབྲིང་གིས་གསར་གཏོད་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པར་རོགས་རམ་བྱ་དགོས།

 

རྒྱལ་ཁབ་ཀྱིས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་།  མཐོ་རིམ་སློབ་གྲྭ།  ཁེ་ལས་ཆེ་གྲས་སོགས་ཀྱིས་ཆ་རྐྱེན་བསྐྲུན་ནས་ཁེ་ལས་ཆུང་འབྲིང་ལ་ཚོད་ལྟའི་སྒྲིག་བཀོད་སྒོ་འབྱེད་པ་དང་།  ལག་རྩལ་ཞིབ་འཇུག་གསར་སྤེལ་དང་མཉམ་ལས་བྱེད་པ།  ཁེ་ལས་ཆུང་འབྲིང་ལ་ཐོན་རྫས་གསར་པ་གསར་གཏོད་བྱེད་རོགས་བྱེད་པ།  ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་བཅས་ལ་གཟེངས་བསྟོད་བྱ་རྒྱུ།

 

རྒྱལ་ཁབ་ཀྱིས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་སློབ་གྲྭས་སྡེ་ཚན་དེ་གའི་ཚན་རྩལ་མི་སྣས་ལས་འགན་གཅིག་ལྕོགས་འཁུར་བ་དང་།  འགན་འཁྱེར་བྱེད་པ།  རྣམ་གྲངས་མཉམ་ལས་ལ་ཞུགས་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཁེ་ལས་ཆུང་འབྲིང་དུ་ཐོན་སྐྱེད་དང་སློབ་སྦྱོང་།  ཞིབ་འཇུག་གསུམ་མཉམ་ལས་དང་ཚན་རྩལ་གྲུབ་འབྲས་འཕོ་འགྱུར་གཏོང་བའི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་པར་གཟེངས་བསྟོད་བྱ་རྒྱུ་མ་ཟད།  རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བབ་མཐུན་གྱི་ཐོབ་ཆ་ལེན་དགོས།

 

ལེའུ་དྲུག་པ།་ཚོང་ར་གསར་གཏོད་བྱེད་ཕྱོགས་སྐོར།

 

དོན་ཚན་སོ་བརྒྱད་པ།  རྒྱལ་ཁབ་ཀྱིས་ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།  ཁྲོམ་རར་ཞུགས་པ་དང་།  ཁྲོམ་རར་ལྟ་སྐུལ་དང་དོ་དམ་བྱེད་པའི་ལམ་ལུགས་གཅིག་གྱུར་གྱི་ལག་ལེན་བསྟར་བ།  སྒེར་སྡོམ་དང་ཚུལ་མིན་གྱི་འགྲན་རྩོད་བྱེད་པར་ངོ་རྒོལ་བཅས་བྱས་ཏེ་ཁེ་ལས་ཆུང་འབྲིང་འགྲན་རྩོད་དུ་དྲང་གཞག་ངང་ཞུགས་པའི་ཁྲོམ་རའི་ཁོར་ཡུག་བསྐྲུན་རྒྱུ།

 

དོན་ཚན་སོ་དགུ་པ།  ཁེ་ལས་ཆེ་གྲས་དང་ཁེ་ལས་ཆུང་འབྲིང་བར་ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་བྱ་རྒྱུ་རྨང་གཞིར་བྱེད་ཅིང་རྒྱུ་ཆ་དང་རྒྱུ་ཆས་མཁོ་སྤྲོད།  ཐོན་སྐྱེད།  ཕྱིར་འཚོང་།  ཕྱི་ཕྱོགས་ལ་ཞབས་ཞུ་འགན་གཙང་ལེན་བྱེད་པ།  ལག་རྩལ་གསར་སྤེལ་དང་ལག་རྩལ་བསྒྱུར་བཀོད་སོགས་རོགས་ལས་འབྲེལ་བ་བརྟན་པོ་འཛུགས་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱས་ནས་ཁེ་ལས་ཆུང་འབྲིང་གོང་དུ་འཕེལ་བར་སྐུལ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ།

 

དོན་ཚན་བཞི་བཅུ་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་སྲིད་གཞུང་གི་ཁེ་ལས་ཆུང་འབྲིང་ལ་ཉོ་སྒྲུབ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་བྱ་དགོས་པ་དང་།  ཉོ་སྒྲུབ་དགོས་མཁོའི་ཚད་གཞི་གཏན་འབེབས་དང་།  ཉོ་སྒྲུབ་ཀྱི་ཐོབ་སྐལ་སྔོན་ཉར།  རིན་གོང་ཞིབ་དཔྱད་གཟིགས་སྐྱོང་།  དམིགས་བཀར་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྲིད་གཞུང་གི་ཉོ་སྒྲུབ་ཁྲོད་ཀྱི་ཁེ་ལས་ཆུང་འབྲིང་གི་ཐོབ་སྐལ་མང་དུ་གཏོང་དགོས།

 

ཁེ་ལས་ཆུང་འབྲིང་ལ་སྔོན་བཞག་བྱས་པའི་ཉོ་སྒྲུབ་ཐོབ་སྐལ་གྱིས་སྡེ་ཁག་དེ་གའི་ལོ་འཁོར་གྱི་སྲིད་གཞུང་གི་ཉོ་སྒྲུབ་རྣམ་གྲངས་ཀྱི་སྔོན་རྩིས་བསྡོམས་འབོར་གྱི་བརྒྱ་ཆའི་སུམ་ཅུ་ཡན་ཟིན་དགོས།  དེའི་ནང་ཕྲན་ཚེགས་ཁེ་ལས་ལ་སྔོན་བཞག་བྱས་པའི་བསྡུར་ཚད་དེ་བརྒྱ་ཆ་དྲུག་ཅུ་ལས་ཉུང་མི་རུང་།  ཁེ་ལས་ཆུང་འབྲིང་གིས་འདོན་སྤྲོད་བྱེད་ཐབས་བྲལ་བའི་ཚོང་ཟོག་དང་ཞབས་ཞུ་དེའི་ཁོངས་སུ་མི་གཏོགས།

 

སྲིད་གཞུང་གི་ཉོ་སྒྲུབ་བྱ་བས་ཁེ་ལས་ཀྱི་མ་རྐང་བདག་དབང་གྲུབ་ཚུལ་དང་།  ལས་གཉེར་བྱས་པའི་ལོ་ཚད།  ལས་གཉེར་གཞི་ཁྱོན།  ནོར་དོན་གྱི་དམིགས་ཚད་སོགས་ཀྱི་ཐད་ཁེ་ལས་ཆུང་འབྲིང་ལ་ཁྱད་ཡོད་ཐོབ་ཐང་ངམ་མཐོང་ཆུང་གི་ཐོབ་ཐང་སྤྱད་མི་ཆོག

 

སྲིད་གཞུང་གི་ཉོ་སྒྲུབ་སྡེ་ཁག་གིས་སྲིད་གཞུང་གི་ཉོ་སྒྲུབ་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་སྨྱན་སྦྱོར་སྟེང་དུས་ཐོག་ཏུ་སྤྱི་ཚོགས་ལ་ཉོ་སྒྲུབ་སྐོར་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་ཁེ་ལས་ཆུང་འབྲིང་ལ་སྲིད་གཞུང་གི་ཉོ་སྒྲུབ་གན་རྒྱ་ཐོབ་པར་ཁྲིད་སྟོན་དང་ཞབས་འདེགས་ཞུ་དགོས།

 

དོན་ཚན་ཞེ་གཅིག་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལུགས་ཐད་ཀྱི་བློ་འདྲི་དང་།  ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་།  ལག་རྩལ་རང་བཞིན་གྱི་ཉོ་ཚོང་བྱེད་ཐབས།  ཐོན་རྫས་བདེན་དཔང་ར་སྤྲོད་སོགས་ཀྱི་ཕྱོགས་ནས་ཁེ་ལས་ཆུང་འབྲིང་གི་ཐོན་རྫས་དང་ཞབས་ཞུ་ཕྱིར་གཏོང་བྱེད་པར་ཁྲིད་སྟོན་དང་རོགས་རམ་བྱས་ནས་ཕྱི་ཕྱོགས་དང་དཔལ་འབྱོར་ལག་རྩལ་མཉམ་ལས་དང་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་དགོས།

 

རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་ལྡན་པའི་དངུལ་རྩའི་ལས་ཁུངས་ཀྱིས་ཕྱིར་གཏོང་ནང་འདྲེན་གྱི་ཡིད་རྟོན་དངུལ་བུན་དང་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་སོགས་ཀྱི་ལས་སྒོ་སྤེལ་བར་བརྟེན་ནས་ཁེ་ལས་ཆུང་འབྲིང་གིས་ཕྱི་རྒྱལ་གྱི་ཚོང་ར་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱ་དགོས།

 

དོན་ཚན་ཞེ་གཉིས་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ཆུང་འབྲིང་ལ་ཕྱི་རྒྱལ་གྱི་དངུལ་བརྗེས་དང་མི་སྣ་རྒྱལ་མཚམས་ནས་འགྲོ་འོང་བྱེད་པ་སོགས་ཐད་ཀྱི་སྟབས་བདེ་འདོན་སྤྲོད་བྱ་དགོས་པ་དང་། ཁེ་ལས་ཆུང་འབྲིང་གིས་རྒྱལ་ཁོངས་ཕྱི་རུ་མ་དངུལ་འཇོག་པར་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་ཚོང་ར་གསར་གཏོད་བྱ་དགོས།

 

ལེའུ་བདུན་པ། ཞབས་འདེགས་ཞུ་ཐབས་སྐོར།

 

དོན་ཚན་ཞེ་གསུམ་པ།  རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་ཆུང་འབྲིང་ལ་ཞབས་འདེགས་ཞུ་རྒྱུ།

 

དོན་ཚན་ཞེ་བཞི་པ།  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་དགོས་མཁོ་དངོས་དང་བསྟུན་ནས་ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་ལས་ཁུངས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཁེ་ལས་ཆུང་འབྲིང་ལ་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་མཁོ་འདོན་བྱ་དགོས།

 

དོན་ཚན་ཞེ་ལྔ་པ།  རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁེ་ལས་ཆུང་འབྲིང་གི་སྐུལ་སྤེལ་ལས་ཀའི་ཕྱོགས་བསྡུས་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་སྡེ་ཚན་ལས་བརྒལ་བའི་སྲིད་ཇུས་ཆ་འཕྲིན་གྱི་དྲ་སྦྲེལ་ཡོངས་བསྒྲགས་ལས་སྟེགས་བཙུགས་ནས་ཁེ་ལས་ཆུང་འབྲིང་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་།  ལས་གཏོད།  གསར་གཏོད།  དངུལ་རྩ། ཁྲོམ་ར།  ཁེ་དབང་སྲུང་སྐྱོང་སོགས་རིགས་ཁག་གི་སྲིད་གཞུང་ཞབས་ཞུའི་ཆ་འཕྲིན་དུས་ཐོག་ཏུ་གཅིག་སྡུད་བྱས་ཏེ་ཁེ་ལས་ཆུང་འབྲིང་ལ་སྟབས་བདེའི་རིན་མེད་ཞབས་ཞུ་མཁོ་འདོན་བྱེད་དགོས།

 

དོན་ཚན་ཞེ་དྲུག་པ།  ཞབས་ཞུའི་ལས་ཁུངས་རིགས་ཁག་གིས་ཁེ་ལས་ཆུང་འབྲིང་ལ་ལས་སྒོ་གསར་སྤེལ་བྱེད་པར་གསོ་སྦྱོང་དང་ཟུར་ཁྲིད་དང་།  ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་།  དོ་དམ་བློ་འདྲི།  ཆ་འཕྲིན་བློ་འདྲི།  ཡིད་རྟོན་ཞབས་ཞུ།  ཁྲོམ་རའི་ཚོང་གཉེར།  རྣམ་གྲངས་གསར་སྤེལ།  མ་དངུལ་འཇོག་པ་དང་མ་དངུལ་བསྡུ་རུབ། ནོར་རྩིས་ཁྲལ་དོན།  ཐོན་དབང་ཉོ་ཚོང་།  ལག་རྩལ་རྒྱབ་སྐྱོར།  ཤེས་ལྡན་མི་སྣ་ནང་འདྲེན།  ཕྱི་ཕྱོགས་དང་མཉམ་ལས།  འགྲེམས་སྟོན་འགྲེམས་འཚོང་།  ཁྲིམས་ལུགས་ཐད་ཀྱི་བློ་འདྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པར་རྒྱལ་ཁབ་ཀྱིས་གཟེངས་བསྟོད་བྱ་རྒྱུ།

 

དོན་ཚན་ཞེ་བདུན་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁེ་ལས་ཆུང་འབྲིང་ལ་སྐུལ་སྤེལ་གཏོང་བའི་ལས་ཀ་ཕྱོགས་བསྡུས་ཀྱིས་དོ་དམ་བྱེད་འགན་འཁུར་མཁན་སྡེ་ཁག་གིས་མ་དངུལ་བཀོད་སྒྲིག་བྱ་དགོས་པ་དང་།  འཆར་གཞི་ཡོད་པའི་སྒོ་ནས་ཁེ་ལས་ཆུང་འབྲིང་ལས་གཉེར་དོ་དམ་མི་སྣ་གསོ་སྐྱོང་བྱ་རྒྱུ་སྒྲིག་འཛུགས་བྱ་དགོས།

 

དོན་ཚན་ཞེ་བརྒྱད་པ།  འབྲེལ་ཡོད་ལས་ཁུངས་དང་མཐོ་རིམ་སློབ་གྲྭས་ཁེ་ལས་ཆུང་འབྲིང་ལས་གཉེར་དོ་དམ་དང་ཐོན་སྐྱེད་ལག་རྩལ་སོགས་ལ་དམིགས་ནས་མི་སྣ་གསོ་སྐྱོང་བྱས་ཏེ་ཁེ་ལས་ཀྱི་གཉེར་འཚོང་དང་།  དོ་དམ།  ལག་རྩལ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ།

 

དོན་ཚན་ཞེ་བརྒྱད་པ།  འབྲེལ་ཡོད་ལས་ཁུངས་དང་མཐོ་རིམ་སློབ་གྲྭས་ཁེ་ལས་ཆུང་འབྲིང་གཉེར་སྐྱོང་དོ་དམ་དང་ཐོན་སྐྱེད་ལག་རྩལ་སོགས་ལ་དམིགས་ནས་མི་སྣ་གསོ་སྦྱོང་བྱས་ཏེ་ཁེ་ལས་ཀྱི་གཉེར་འཚོང་དང་།  དོ་དམ།  ལག་རྩལ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ།

 

དོན་ཚན་ཞེ་དགུ་པ།  ཁེ་ལས་ཆུང་འབྲིང་གི་འབྲེལ་ཡོད་ལས་རིགས་རྩ་འཛུགས་ཀྱིས་ཁྲིམས་ལྟར་ཚོགས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་།  ཚོགས་མིའི་རེ་འདུན་གོང་ཞུ།རང་གཅུན་དོ་དམ་ལ་ཤུགས་སྣོན་བཅས་བྱས་ཏེ།  ཁེ་ལས་ཆུང་འབྲིང་གི་ལས་སྐྲུན་གསར་གཏོད་དང་ཁྲོམ་ར་གསར་འབྱེད་སོགས་ལ་ཞབས་ཞུ་འདོན་སྤྲོད་བྱ་དགོས།

 

ལེའུ་བརྒྱད་པ། ཁེ་དབང་སྲུང་སྐྱོང་བྱེད་ཕྱོགས་སྐོར།

 

དོན་ཚན་ལྔ་བཅུ་པ།  རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་འབྲིང་དང་དེའི་མ་དངུལ་འཇོག་མཁན་གྱི་རྒྱུ་ནོར་བདག་དབང་དང་ཁྲིམས་མཐུན་ཁེ་དབང་གཞན་དག་སྲུང་སྐྱོང་བྱ་རྒྱུ།  སྡེ་ཚན་གང་དང་མི་སུ་ཡིན་རུང་ཁེ་ལས་ཆུང་འབྲིང་གི་རྒྱུ་ནོར་དང་དེའི་ཁྲིམས་མཐུན་ཁེ་ཕན་ལ་གནོད་འཚེ་བཏང་མི་ཆོག

 

དོན་ཚན་ལྔ་གཅིག་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁེ་ལས་ཆུང་འབྲིང་ལ་སྐུལ་སྤེལ་གཏོང་བའི་ལས་ཀ་ཕྱོགས་བསྡུས་ཀྱིས་དོ་དམ་བྱེད་འགན་འཁུར་མཁན་སྡེ་ཁག་གིས་ཆེད་དམིགས་ཐབས་ལམ་བཙུགས་ཏེ་ཁེ་ལས་ཆུང་འབྲིང་གིས་སྲིད་གཞུང་གི་འབྲེལ་ཡོད་དོ་དམ་ལས་ཀར་བཏོན་པའི་བསམ་འཆར་དང་གྲོས་འགོ་དང་ལེན་བྱ་དགོས་པ་མ་ཟད།  དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་གནས་ཚུལ་ཡར་ཞུ་བྱས་ཏེ་ལེགས་བཅོས་བྱེད་པར་སྐུལ་འདེད་ཀྱང་གཏོང་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ལས་རིགས་རྩ་འཛུགས་ཀྱིས་འབྲེལ་གཏུག་བྱེད་སྟངས་སྤྱི་བསྒྲགས་བྱས་ནས་ཁེ་ལས་ཆུང་འབྲིང་གི་ཞུ་གཏུག་དང་ཐེར་འདོན་གོང་ཞུ་རིགས་དང་ལེན་བྱེད་རྒྱུ་མ་ཟད། གཏན་འབེབས་བྱས་པའི་དུས་ཚོད་ནང་བརྟག་དཔྱད་དང་ཐག་གཅོད་ཀྱང་བྱ་དགོས།

 

དོན་ཚན་ལྔ་གཉིས་པ།  ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཁྲིམས་ལྟར་སྲིད་འཛིན་བཀའ་འཁྲོལ་ལག་བསྟར་དང་།  ཁྲིམས་ལྟར་དོ་དམ་ལས་ཀ་སྤེལ་དགོས་པ་ལས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་པའི་ཞིབ་བཤེར་བྱས་མི་ཆོག་པ་དང་།  ཁེ་ལས་ཆུང་འབྲིང་ལ་བཙན་ཤེད་དམ་རྣམ་པ་འགྱུར་བའི་བཙན་ཤེད་ཀྱིས་དཔྱད་ཞིབ་དང་།  དཔྱད་བསྡུར།  གཟེངས་བསྟོད།  གསོ་སྦྱོང་སོགས་ཀྱི་བྱེད་སྒོར་ཞུགས་སུ་བཅུག་མི་ཆོག

 

དོན་ཚན་ལྔ་གསུམ་པ།  རྒྱལ་ཁབ་ལས་ཁུངས་དང་།  བྱ་ལས་སྡེ་ཚན།  ཁེ་ལས་ཆེ་གྲས་བཅས་ཀྱིས་ཁ་ཆད་དང་འགལ་ནས་ཁེ་ལས་ཆུང་འབྲིང་གི་དངོས་ཟོག་དང་། ལས་གྲྭ། ཞབས་ཞུའི་གྲོན་དངུལ་བཅས་ཆད་འགྱངས་བྱས་མི་ཆོག

 

ཁེ་ལས་ཆུང་འབྲིང་གིས་འགྱངས་ཆད་བྱེད་མཁན་ཕྱོགས་ལ་འགྱངས་ཆད་དངུལ་སྤྲོད་རྒྱུའི་བླང་བྱ་འདོན་དབང་ཡོད་པ་མ་ཟད།  ཆད་འགྱངས་བྱས་པའི་གྱོང་གུན་ལ་སྐྱིན་ཚབ་འཇལ་དགོས་པའི་བླང་བྱ་བཏོན་ཆོག

 

དོན་ཚན་ལྔ་བཞི་པ།  སྡེ་ཚན་གང་ཞིག་གིས་ཀྱང་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ནས་ཁེ་ལས་ཆུང་འབྲིང་ནས་གྲོན་དངུལ་བསྡུ་ལེན་བྱས་མི་ཆོག་པ་དང་།  བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་པའི་དངུལ་ཆད་ལག་བསྟར་བྱས་མི་ཆོག་ལ།  ཁེ་ལས་ཆུང་འབྲིང་གི་ས་ནས་རྒྱུ་ནོར་བགོ་འགྲེམ་བྱས་མི་ཆོག  ཁེ་ལས་ཆུང་འབྲིང་ལ་གོང་གསལ་གཏན་འབེབས་དང་འགལ་བའི་བྱ་སྤྱོད་དང་ལེན་མི་བྱེད་པ་དང་།  ཐེར་འདོན་དང་ཞུ་གཏུག་བྱེད་དབང་ཡོད།

 

དོན་ཚན་ང་ལྔ་པ།     རྒྱལ་ཁབ་ཀྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུའི་དཀར་ཆག་གི་རྩིས་ཁྲའི་ལམ་ལུགས་བཙུགས་པ་དང་ལག་བསྟར་བྱས་པ་དང་།གྲོན་བསྡུའི་དཀར་ཆག་གི་ཞིབ་ཐོ་དང་དེ་བཞིན་ལག་བསྟར་བྱས་ཚུལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

 

སྡེ་ཚན་གང་ཞིག་ཡིན་རུང་ཁེ་ལས་ཆུང་འབྲིང་གི་དཀར་ཆག་ལག་བསྟར་བྱེད་པའི་ཞིབ་ཐོ་ཕུད་པའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་བྱས་མི་ཆོག་པ་དང་།    ཁེ་ལས་ཆུང་འབྲིང་ལ་རང་དགར་གྲོན་བསྡུའི་ཚད་གཞི་མཐོ་རུ་གཏོང་བ་དང་གྲོན་བསྡུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་མི་ཆོག  བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཁེ་ལས་ཆུང་འབྲིང་ལ་བཙན་ཤེད་ཀྱིས་ཚགས་པར་དང་དུས་དེབ་ཉོ་རུ་འཇུག་པ།  ཚོགས་པའི་ནང་ཞུགས་པ།  དམིགས་འཛུགས་ཞབས་ཞུ་དང་ལེན་བྱེད་དུ་འཇུག་རིགས་གཏན་འགོག་བྱེད་དགོས།  ད་དུང་ལས་རིགས་རྩ་འཛུགས་ཀྱིས་སྲིད་གཞུང་གི་འགན་ནུས་ཚབ་སྒྲུབ་བྱེད་པའམ་ཡང་ན་སྲིད་འཛིན་ཐོན་ཁུངས་བེད་སྤྱད་དེ་རང་དགར་དངུལ་བསྡུའི་རྣམ་གྲངས་འཛུགས་པ་དང་དངུལ་བསྡུའི་ཚད་གཞི་མཐོ་རུ་གཏོང་བར་ཡང་་ནན་འགོག་བྱེད་དགོས།

 

དོན་ཚན་ལྔ་དྲུག་པ།   རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ཆུང་འབྲིང་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་སྐབས་ཁྲིམས་ལྟར་བྱ་དགོས་པ་དང་།  སྐབས་བསྟུན་འཐེན་ཞིབ་ལམ་སྲོལ་འཛུགས་དགོས།  སྡེ་ཁག་གཅིག་གིས་ཁེ་ལས་ཆུང་འབྲིང་ལ་ལྟ་སྐུལ་དང་ཞིབ་བཤེར་མང་པོ་བྱེད་པ་ཟླ་སྒྲིལ་གཏོང་ཐུབ་ན།  ཟླ་སྒྲིལ་གཏོང་དགོས་པ་དང་།  སྡེ་ཁག་མི་འདྲ་བས་ཁེ་ལས་ཆུང་འབྲིང་ལ་ལྟ་སྐུལ་ཞིབ་བཤེར་མང་པོ་བྱས་པ་ཟླ་སྒྲིལ་བཏང་ནས་ལེགས་འགྲུབ་བྱེད་ཐུབ་ན།    རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ཏེ་ཟླ་སྒྲིལ་གཏོང་བའམ་མཉམ་འབྲེལ་ཐོག་ཞིབ་བཤེར་བྱ་དགོས།

 

ལེའུ་དགུ་པ། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

 

དོན་ཚན་ང་བདུན་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དུས་བཀག་ལྟར་ཁེ་ལས་ཆུང་འབྲིང་གི་སྐུལ་སྤེལ་ལས་ཀའི་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པའི་རྩ་འཛུགས་འཛུགས་རྒྱུ་དང་།  བཅའ་ཁྲིམས་འདི་དང་འགལ་བའི་བྱ་སྤྱོད་དུས་ཐོག་ཏུ་ཡོ་བསྲང་བྱ་རྒྱུ་མ་ཟད།  ཐད་ཀའི་གཙོ་འགན་མི་སྣ་དང་ཐད་ཀའི་ལས་འགན་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

 

དོན་ཚན་ང་བརྒྱད་པ །     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁེ་ལས་ཆུང་འབྲིང་ལ་སྐུལ་སྤེལ་གཏོང་བའི་ལས་དོན་ཕྱོགས་བསྡུས་ཀྱིས་དོ་དམ་བྱེད་འགན་འཁུར་མཁན་སྡེ་ཁག་གིས་ཕྱོགས་གསུམ་པའི་སྒྲིག་གཞིར་དུས་བཀག་ལྟར་ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བའི་ཁོར་ཡུག་ལ་དཔྱད་དཔོག་བྱ་རྒྱུའི་མངག་བཅོལ་བྱ་དགོས་པ་མ་ཟད།  སྤྱི་ཚོགས་ལ་སྤྱི་བསྒྲགས་ཀྱང་བྱ་དགོས།

ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་གནས་ཚུལ་དངོས་ལ་གཞིགས་ཏེ་ཕྱོགས་གསུམ་པའི་ལས་ཁུངས་ལ་ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བའི་ཁོར་ཡུག་ལ་དཔྱད་དཔོག་བྱ་རྒྱུའི་མངགས་བཅོལ་བྱས་ཆོག

 

དོན་ཚན་ལྔ་དགུ་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དུས་བཀག་ལྟར་ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བའི་ཆེད་སྤྱོད་མ་དངུལ་དང་།  ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བའི་ཐེབས་རྩ་བེད་སྤྱོད་བྱས་འབྲས་ཀྱི་ཁེ་ལས་ལ་གདེང་འཇོག་དང་།  སྤྱི་ཚོགས་ཀྱི་གདེང་འཇོག་མ་དངུལ་བེད་སྤྱོད་བྱས་ཚུལ་ལ་དཔྱད་དཔོག་བཅས་བྱ་རྒྱུ་སྒྲིག་འཛུགས་བྱ་དགོས་པ་མ་ཟད།  གདེང་འཇོག་དང་དཔྱད་དཔོག་བྱས་ཚུལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཡང་བྱ་དགོས།

 

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རང་སོ་སོའི་འགན་འཁྲི་སྒྲུབ་ཁོངས་སུ།  ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་བའི་ཆེད་སྤྱོད་མ་དངུལ་དང་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་བའི་ཐེབས་རྩ་དོ་དམ་དང་བེད་སྤྱོད་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུ་དང་།  ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་བའི་ཆེད་སྤྱོད་མ་དངུལ་དང་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་བའི་ཐེབས་རྩ་བཀག་ཉར་དང་།  བཟུང་སྤྱོད།  གཞན་སྤྱོད།   ཧམ་བཟུང་།  ལྐོག་ཟ་བཅས་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་མ་ཟད། ཐད་ཀའི་གཙོ་འགན་མི་སྣ་དང་ཐད་ཀའི་ལས་འགན་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

 

དོན་ཚན་དྲུག་ཅུ་པ།  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རང་སོ་སོའི་འགན་འཁྲི་སྒྲུབ་ཁོངས་སུ།  དཔྱད་ཞིབ་དང་།  དཔྱད་བསྡུར།  གཟེངས་བསྟོད།  གསོ་སྦྱོང་སོགས་ཀྱི་བྱེད་སྒོར་བཙན་ཤེད་དམ་རྣམ་པ་འགྱུར་བའི་བཙན་ཤེད་ཀྱིས་ཞུགས་པའི་བྱ་སྤྱོད་དང་།  ཁེ་ལས་ཆུངའབྲིང་ལ་རིན་དངུལ་བསྡུ་བ་དང་། དངུལ་ཆད་གཅོད་པ།  རྒྱུ་ནོར་ཆ་གསེས་རྒྱག་པ་བཅས་ཀྱི་བྱ་སྤྱོད་དང་དེ་བཞིན་ཁེ་ལས་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཞན་དག་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་མ་ཟད།  ཐད་ཀའི་གཙོ་འགན་མི་སྣ་དང་ཐད་ཀའི་ལས་འགན་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

 

ལེའུ་བཅུ་པ། ཞར་བྱུང་དོན་ཚན།

 

དོན་ཚན་རེ་གཅིག་པ།  བཅའ་ཁྲིམས་འདི་2018ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ།

 

 

 

 


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号