༄༅། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས།

ཐོ་འགོད་དུས་ཚོད།:2020-12-02  

༄༅། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས།

(2019ལོར་བཟོ་བཅོས་བྱས། )

 

ཁོངས་གཏོགས་རིམ་པའི་རིགས།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་མཛོད།

རིགས་དབྱེ།སྲིད་འཛིན་དོ་དམ།  

རང་ཁོངས་ས་ཁུལ།

ཁྱབ་བསྒྲགས་སྡེ་ཁགརྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

ཁྱབ་བསྒྲགས་ཡིག་ཨང་།

ཁྱབ་བསྒྲགས་བྱས་པའི་དུས་ཚོད།2019-04-23

ནུས་ཐོན་གྱི་ཚེས་གྲངས།2019-04-23

ནུས་པ་ཉམས་པའི་ཚེས་གྲངས།

ཕན་ནུས་ཀྱི་གནས་ཚུལ།ནུས་པ་ལྡན་པ།

 

བཅའ་ཁྲིམས་འདིའི་འཕོ་འགྱུར་ལོ་རྒྱུས་ནི།

གཅིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས། (1998ལོའི་ཟླ་4ཚེས་28ཉིན་ཁྱབ་བསྒྲགས་བྱས་པ་དང་1998ལོའི་ཟླ་9ཚེས་1ཉིན་ལག་བསྟར་བྱས། )

གཉིས། ཁྲིམས་སྲོལ་འདི་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས་(2008ལོའི་ཟླ་10ཚེས་28ཉིན་ཁྱབ་བསྒྲགས་བྱས་པ་དང་2009ལོའི་ཟླ་5ཚེས་1ཉིན་ལག་བསྟར་བྱས་པ།)ཞེས་པའི་ཁྲིམས་སྲོལ་གསར་པས་བཟོ་བཅོས་བརྒྱབ་ཡོད།

གསུམ། ཁྲིམས་སྲོལ་འདི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨར་ལས་བཅའ་ཁྲིམས་སོགས་བཅའ་ཁྲིམས་བརྒྱད་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་(2019ལོའི་ཟླ་4ཚེས་23ཉིན་ཁྱབ་བསྒྲགས་བྱས་པ་དང་2019ལོའི་ཟླ་4ཚེས་23ཉིན་ལག་བསྟར་བྱས་པ།)ལས་བཟོ་བཅོས་བརྒྱབ་ཡོད།

 

དཀར་ཆག

ལེའུ་དང་པོ། སྤྱིའི་དོན་ཚན།

ལེའུ་གཉིས་པ། མེ་སྐྱོན་སྔོན་འགོག་བྱེད་ཕྱོགས་སྐོར།

ལེའུ་གསུམ་པ། མེ་ཟོན་རྩ་འཛུགས་སྐོར།

ལེའུ་བཞི་པ། མེ་སྐྱོན་རོགས་སྐྱོབ་བྱེད་ཕྱོགས་སྐོར།

ལེའུ་ལྔ་པ། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

ལེའུ་དྲུག་པ། ཁྲིམས་ལུགས་ཀྱི་འགན་འཁྲིའི་སྐོར།

ལེའུ་བདུན་པ། ཞར་བྱུང་དོན་ཚན།

 

ལེའུ་དང་པོ། སྤྱིའི་དོན་ཚན།

 

དོན་ཚན་དང་པོ། མེ་སྐྱོན་སྔོན་འགོག་དང་མེ་སྐྱོན་གྱི་གནོད་འཚེ་ཉུང་འཕྲི་དང་། མཁོ་བསྟུན་རོགས་སྐྱོབ་ལས་ཀར་ཤུགས་སྣོན་བྱེད་པ། མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། སྤྱི་པའི་བདེ་འཇགས་སྲུང་སྐྱོང་བཅས་བྱེད་ཆེད་བཅའ་ཁྲིམས་འདི་བཟོས་པ་ཡིན།

 

དོན་ཚན་གཉིས་པ། མེ་ཟོན་ལས་དོན་སྤེལ་བར་སྔོན་འགོག་བྱ་རྒྱུ་གཙོ་བོར་འཛིན་པ་དང་། མེ་འགོག་མེ་ཟོན་ཟུང་དུ་སྦྲེལ་བའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ་དང་། སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་དང་། སྡེ་ཁག་གིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པ། སྡེ་ཚན་གྱིས་ཕྱོགས་ཡོངས་ནས་འགན་འཁུར་བ། སྤྱི་དམངས་ཧུར་ཐག་ཞུགས་པ་བཅས་ཀྱི་རྩ་དོན་ལྟར་མེ་ཟོན་ བདེ་སྲུང་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ་སྤྱི་ཚོགས་ཅན་དུ་འགྱུར་བའི་མེ་ཟོན་ལས་དོན་གྱི་དྲ་བ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

 

དོན་ཚན་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་མེ་ཟོན་ལས་ཀར་འགོ་ཁྲིད་བྱ་རྒྱུ་དང་། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་མེ་ཟོན་ལས་ཀར་འགན་འཁུར་རྒྱུ།

མི་དམངས་སྲིད་གཞུང་རིམ་པ་ཁག་གིས་མེ་ཟོན་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་བཙུད་དེ་མེ་ཟོན་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པར་འགན་ལེན་བྱ་དགོས།

 

དོན་ཚན་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་མཁོ་བསྟུན་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་མེ་ཟོན་ལས་དོན་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་དང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་མཁོ་བསྟུན་དོ་དམ་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་མེ་ཟོན་ལས་དོན་ལ་ལྟ་སྐུལ་དང་དོ་དམ་བྱ་རྒྱུ་མ་ཟད། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་ལག་བསྟར་བྱེད་འགན་འཁུར་རྒྱུ། དམག་དོན་སྒྲིག་བཀོད་ཀྱི་མེ་ཟོན་ལས་དོན་ལ་དེའི་གཙོ་སྐྱོང་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་བྱ་རྒྱུ་དང་། མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་གཞོགས་འདེགས་བྱ་རྒྱུ། གཏེར་ཁྲོན་ས་འོག་གི་ཆ་དང་། ཉིང་རྡུལ་གློག་ཁང་། མཚོ་ཐོག་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་སྒྲིག་བཀོད་བཅས་ཐད་ཀྱི་མེ་ཟོན་ལས་དོན་ལ་དེའི་གཙོ་སྐྱོང་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་བྱ་རྒྱུ།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་བཅའ་ཁྲིམས་འདི་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་གི་གཏན་འབེབས་ལྟར་མེ་ཟོན་ལས་དོན་ལེགས་པར་བསྒྲུབ་དགོས།

ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ལོགས་སུ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས།

 

དོན་ཚན་ལྔ་པ། སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མར་མེ་ཟོན་བདེ་སྲུང་སྲུང་སྐྱོང་དང་། མེ་ཟོན་སྒྲིག་བཀོད་སྲུང་སྐྱོང་བྱེད་པ། མེ་སྐྱོན་སྔོན་འགོག་བྱེད་པ། མེ་སྐྱོན་ཉེན་བརྡ་གཏོང་བ་བཅས་ཀྱི་འོས་འགན་ཡོད་པར། སྡེ་ཚན་གང་དང་མི་དར་མ་སུ་ཞིག་ཡིན་རུང་ཚང་མར་སྒྲིག་འཛུགས་ཡོད་པའི་མེ་སྐྱོན་གྱི་ལས་ཀར་ཞུགས་རྒྱུའི་འོས་འགན་ཡོད།

 

དོན་ཚན་དྲུག་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་དུས་རྒྱུན་དུ་མེ་ཟོན་དྲིལ་བསྒྲགས་དང་སློབ་གསོ་གཏོང་རྒྱུའི་སྒྲིག་འཛུགས་བྱས་ནས་སྤྱི་དམངས་ཀྱི་མེ་ཟོན་གྱི་བདེ་སྲུང་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས།

ལས་ཁུངས་དང་། ཚོགས་པ། ཁེ་ལས། བྱ་ལས་སྡེ་ཚན་བཅས་ཀྱིས་སྡེ་ཚན་དེ་གའི་མི་སྣར་མེ་ཟོན་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོ་གཏོང་རྒྱུ་ཤུགས་སྣོན་བྱ་དགོས།

མཁོ་བསྟུན་དོ་དམ་སྡེ་ཚན་དང་དེ་བཞིན་མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་ངེས་པར་དུ་མེ་ཟོན་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ལ་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་དང་། མཛུབ་ཁྲིད། རོགས་རམ་བཅས་བྱེད་དགོས།

སློབ་གསོ་དང་མི་ཤུགས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་། སློབ་གྲྭ། འབྲེལ་ཡོད་ལས་རིགས་གསོ་སྐྱོང་སྦྱོང་བརྡར་སྒྲིག་གཞི་བཅས་ཀྱིས་མེ་ཟོན་སྐོར་གྱི་ཤེས་བྱ་སློབ་གསོ་དང་། སློབ་ཁྲིད། གསོ་སྦྱོང་བཅས་བྱ་རྒྱུའི་ནང་དོན་དུ་འཇུག་དགོས།

གསར་འགྱུར་དང་། རླུང་འཕྲིན། བརྙན་འཕྲིན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་དམིགས་ས་ཡོད་པའི་སྒོ་ནས་སྤྱི་ཚོགས་ལ་མེ་ཟོན་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོ་གཏོང་དགོས།

བཟོ་ཚོགས་དང་། གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པས་སོ་སོའི་ལས་ཀ་བྱ་ཡུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་མེ་ཟོན་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོ་གཏོང་རྒྱུར་སྒྲིག་འཛུགས་བྱ་དགོས།

གྲོང་མིའི་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་མི་དམངས་སྲིད་གཞུང་དང་དེ་བཞིན་སྤྱི་བདེ་ལས་ཁུངས། མཁོ་བསྟུན་དོ་དམ་སོགས་སྡེ་ཁག་ལ་རམ་འདེགས་བྱས་ཏེ། མེ་ཟོན་དྲིལ་བསྒྲགས་དང་སློབ་གསོ་གཏོང་བར་ཤུགས་སྣོན་རྒྱག་དགོས།

 

དོན་ཚན་བདུན་པ། མེ་ཟོན་ལ་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་གཏོད་བྱེད་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ་དང་། སྔོན་ཐོན་གྱི་མེ་ཟོན་དང་མཁོ་བསྟུན་མྱུར་སྐྱོབ་ལག་རྩལ་དང་སྒྲིག་ཆས་ཁྱབ་སྤེལ་དང་བེད་སྤྱོད་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་མེ་ཟོན་གྱི་སྤྱི་ཕན་བྱེད་སྒོ་སྤེལ་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས།

མེ་ཟོན་གྱི་ལས་དོན་ནང་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་སྡེ་ཚན་དང་མི་སྒེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

 

ལེའུ་གཉིས་པ། མེ་སྐྱོན་སྔོན་འགོག་བྱེད་ཕྱོགས་སྐོར།

 

དོན་ཚན་བརྒྱད་པ། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་མེ་ཟོན་གྱི་བདེ་སྲུང་བཀོད་པ་དང་། མེ་ཟོན་ས་ཚིགས། མེ་ཟོན་གྱི་ཆུ་མཁོ་སྤྲོད། མེ་ཟོན་གྱི་འཕྲིན་གཏོང་། མེ་ཟོན་རླངས་འཁོར་གྱི་བགྲོད་ལམ། མེ་ཟོན་གྱི་གོ་ལག་སོགས་ཀྱི་ནང་དོན་ཚུད་པའི་མེ་ཟོན་གྱི་འཆར་འགོད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་ནང་འཇུག་དགོས་པ་དང་། ལག་བསྟར་སྒྲིག་འཛུགས་བྱེད་འགན་ཡང་འཁུར་དགོས།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་ཟོན་གྱི་བདེ་སྲུང་བཀོད་པ་མེ་ཟོན་གྱི་བདེ་སྲུང་བླང་བྱ་དང་མི་མཐུན་ན། ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྤྱི་པའི་མེ་ཟོན་གྱི་སྒྲིག་བཀོད་དང་མེ་ཟོན་གྱི་གོ་ལག་མི་འདང་བའམ་དགོས་མཁོ་དངོས་དང་མི་འཚམ་ན། སྣོན་སྐྲུན་དང་བསྐྱར་སྐྲུན། བཀོད་སྒྲིག་བཅས་སམ་ཡང་ན་ལག་རྩལ་བསྒྱུར་བཀོད་བྱ་དགོས།

 

དོན་ཚན་དགུ་པ། འཛུགས་སྐྲུན་ལས་གྲྭའི་མེ་ཟོན་ཇུས་འགོད་དང་ཨར་ལས་བྱ་རྒྱུ་དེ་ངེས་པར་དུ་ལས་གྲྭ་འཛུགས་སྐྲུན་སྐོར་གྱི་རྒྱལ་ཁབ་ཀྱི་མེ་ཟོན་གྱི་ལག་རྩལ་གྱི་ཚད་གཞི་དང་མཐུན་དགོས། འཛུགས་སྐྲུན་དང་། ཇུས་འགོད། ཨར་ལས། ལས་གྲྭ་ལྟ་སྐུལ་དོ་དམ་སོགས་བྱེད་མཁན་སྡེ་ཚན་གྱིས་ཁྲིམས་ལྟར་འཛུགས་སྐྲུན་ལས་གྲྭའི་མེ་ཟོན་ཇུས་འགོད་དང་ཨར་ལས་བྱས་པའི་སྤུས་ཀར་འགན་འཁུར་དགོས།

 

དོན་ཚན་བཅུ་པ། ལས་གྲྭ་འཛུགས་སྐྲུན་སྐོར་གྱི་རྒྱལ་ཁབ་ཀྱི་མེ་ཟོན་གྱི་ལག་རྩལ་གྱི་ཚད་གཞིའི་བླང་བྱ་ལྟར་མེ་ཟོན་ཇུས་འགོད་བྱ་དགོས་པའི་འཛུགས་སྐྲུན་ལས་གྲྭར་འཛུགས་སྐྲུན་ལས་གྲྭའི་མེ་ཟོན་ཇུས་འགོད་བྱས་ཚུལ་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་ལམ་ལུགས་ལག་བསྟར་བྱ་དགོས།

 

དོན་ཚན་བཅུ་གཅིག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱས་པའི་དམིགས་བསལ་གྱི་འཛུགས་སྐྲུན་ལས་གྲྭར་འཛུགས་སྐྲུན་སྡེ་ཚན་གྱིས་མེ་ཟོན་ཇུས་འགོད་ཡིག་ཆ་དེ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་ལ་ཞིབ་བཤེར་བྱ་རྒྱུར་འབུལ་དགོས་པ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་ཞིབ་བཤེར་བྱས་འབྲས་ལ་འགན་འཁུར་དགོས།

གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ནང་མ་ཚུད་པའི་འཛུགས་སྐྲུན་ལས་གྲྭ་གཞན་དག་འཛུགས་སྐྲུན་སྡེ་ཚན་གྱིས་ཨར་ལས་བསྒྲུབས་འཐུས་ཀྱི་ཆོག་མཆན་དཔང་ཡིག་ཐོབ་རེ་ཞུ་བའམ་ལས་འགོ་འཛུགས་རྒྱུའི་སྙན་ཞུར་ཆོག་མཆན་འགོད་རེ་ཞུ་སྐབས་ཨར་ལས་རྒྱག་རྒྱུའི་དགོས་མཁོ་སྐོང་བའི་མེ་ཟོན་གྱི་ཇུས་འགོད་དཔེ་རིས་དང་ལག་རྩལ་ཐད་ཀྱི་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱ་དགོས།

 

དོན་ཚན་བཅུ་གཉིས་པ། དམིགས་བསལ་གྱི་འཛུགས་སྐྲུན་ལས་གྲྭར་མེ་ཟོན་ཇུས་འགོད་བྱས་ཚུལ་ལ་ཞིབ་བཤེར་བྱས་མེད་པའམ་ཞིབ་བཤེར་བྱས་ནས་ཚད་མ་ལོན་ན། འཛུགས་སྐྲུན་སྡེ་ཚན་དང་ཨར་ལས་སྡེ་ཚན་གྱིས་ཨར་ལས་བྱས་མི་ཆོག་པ་དང་།  འཛུགས་སྐྲུན་ལས་གྲྭ་གཞན་དག་ལ་འཛུགས་སྐྲུན་སྡེ་ཚན་གྱིས་ཨར་ལས་རྒྱག་རྒྱུའི་དགོས་མཁོ་སྐོང་ཐུབ་པའི་མེ་ཟོན་ཇུས་འགོད་ཀྱི་དཔེ་རིས་དང་ལག་རྩལ་གྱི་དཔྱད་ཡིག་འདོན་སྤྲོད་མ་བྱས་ན། འབྲེལ་ཡོད་སྡེ་ཁག་གིས་ཨར་ལས་བསྒྲུབས་འཐུས་ཀྱི་ཆོག་མཆན་དཔང་ཡིག་སྤྲད་མི་ཆོག་པའམ་ལས་འགོ་འཛུགས་རྒྱུའི་ཆོག་མཆན་སྤྲད་པའི་སྙན་ཞུ་སྤྲད་མི་ཆོག

 

དོན་ཚན་བཅུ་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱས་པའི་མེ་ཟོན་ཞིབ་བཤེར་རྩིས་ལེན་བྱེད་རྒྱུའི་རེ་འདུན་ཞུ་དགོས་པའི་འཛུགས་སྐྲུན་ལས་གྲྭས་ལས་མཇུག་འགྲིལ་རྗེས། འཛུགས་སྐྲུན་སྡེ་ཚན་གྱིས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་ལ་མེ་ཟོན་ཞིབ་བཤེར་རྩིས་ལེན་བྱེད་རྒྱུའི་རེ་འདུན་ཞུ་དགོས།

གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ཕུད་པའི་འཛུགས་སྐྲུན་ལས་གྲྭ་གཞན་དག་ལ་འཛུགས་སྐྲུན་སྡེ་ཚན་གྱིས་ཞིབ་བཤེར་རྩིས་ལེན་བྱས་རྗེས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཟུར་བཤེར་བྱ་དགོས།

ཁྲིམས་ལྟར་མེ་ཟོན་བྱས་ཚུལ་ཞིབ་བཤེར་རྩིས་ལེན་བྱ་དགོས་པའི་འཛུགས་སྐྲུན་ལས་གྲྭ་དག་མེ་ཟོན་བྱས་ཚུལ་ཞིབ་བཤེར་རྩིས་ལེན་མ་བྱས་པའམ་ཡང་ན་མེ་ཟོན་བྱས་ཚུལ་ཞིབ་བཤེར་རྩིས་ལེན་བྱས་ཀྱང་ཚད་མ་ལོན་ན། བེད་སྤྱོད་གཏོང་འགོ་ཚུགས་མི་ཆོག་པ་དང་། འཛུགས་སྐྲུན་ལས་གྲྭ་གཞན་དག་ཁྲིམས་ལྟར་ཟུར་བཤེར་བྱས་མཐར་ཚད་མ་ལོན་ན། བེད་སྤྱོད་བྱེད་མཚམས་འཇོག་དགོས།

 

དོན་ཚན་བཅུ་བཞི་པ། འཛུགས་སྐྲུན་ལས་གྲྭའི་མེ་ཟོན་ཇུས་འགོད་བྱས་ཚུལ་ལ་ཞིབ་བཤེར་དང་། མེ་ཟོན་ཞིབ་བཤེར་རྩིས་ལེན། ཐོ་འགོད་སྙན་ཞུ། ཟུར་བཤེར་བཅས་བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།

 

དོན་ཚན་བཅོ་ལྔ་པ། མི་ཚོགས་འདུ་འཛོམ་ཡོང་ས་བཀོལ་སྤྱོད་དང་གཉེར་སྐྱོང་མ་བྱས་གོང་འཛུགས་སྐྲུན་སྡེ་ཚན་ནམ་བཀོལ་སྤྱོད་སྡེ་ཚན་གྱིས་འདུ་འཛོམ་ཡོང་ས་གནས་སའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་མེ་ཟོན་རོགས་སྐྱོབ་སྒྲིག་གཞིར་མེ་ཟོན་གྱི་བདེ་སྲུང་ཞིབ་བཤེར་བྱེད་རེ་ཞུ་དགོས།

མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་རེ་ཞུ་བདག་སྤྲོད་བྱས་ཉིན་ནས་བརྩིས་པའི་ལས་ཞག་བཅུའི་ནང་མེ་ཟོན་ལག་རྩལ་གྱི་ཚད་གཞི་དང་དོ་དམ་སྐོར་གྱི་གཏན་འབེབས་ལ་གཞིགས་ནས་འདུ་གནས་དེར་མེ་ཟོན་གྱི་བདེ་སྲུང་བྱེད་ཚུལ་ལ་ཞིབ་བཤེར་བྱ་དགོས་པ་དང་། མེ་ཟོན་གྱི་བདེ་སྲུང་ལ་ཞིབ་བཤེར་བྱས་མེད་པའམ་ཞིབ་བཤེར་བྱས་རྗེས་མེ་ཟོན་གྱི་བདེ་སྲུང་བླང་བྱ་དང་མི་མཐུན་ན། བེད་སྤྱོད་དང་གཉེར་སྐྱོང་བྱེད་འགོ་ཚུགས་མི་ཆོག

 

དོན་ཚན་བཅུ་དྲུག་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས། བྱ་ལས་སྡེ་ཚན་བཅས་ཀྱིས་གཤམ་གསལ་གྱི་མེ་ཟོན་གྱི་བདེ་སྲུང་འགན་འཁྲི་བསྒྲུབ་དགོས་པ་སྟེ།

(གཅིག)མེ་ཟོན་གྱི་བདེ་སྲུང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་སྡེ་ཚན་དེ་གའི་མེ་ཟོན་གྱི་བདེ་སྲུང་ལམ་ལུགས་དང་མེ་ཟོན་གྱི་བདེ་སྲུང་བཀོལ་སྤྱོད་སྒྲིག་སྲོལ་གཏན་འབེབས་བྱ་རྒྱུ་དང་། མེ་གསོད་དང་མཁོ་བསྟུན་གྱིས་མི་ཁ་འགྲེམ་རྒྱུའི་སྔོན་བཀོད་འཆར་གཞི་གཏན་འབེབས་བྱ་རྒྱུ་དང་།

(གཉིས།)རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ལྟར་མེ་ཟོན་གྱི་སྒྲིག་བཀོད་དང་ཡོ་བྱད་བཀོད་སྒྲིག་བྱ་རྒྱུ་དང་། མེ་ཟོན་གྱི་བདེ་སྲུང་མཚོན་རྟགས་འཛུགས་རྒྱུ་མ་ཟད། དུས་བཀག་ལྟར་ཞིབ་དཔྱད་དང་བདག་གཅེས་ཉམས་གསོ་བྱ་རྒྱུའི་སྒྲིག་འཛུགས་བྱས་ནས་སྐྱོན་མེད་གོ་ཆོད་ཡོང་བའི་འགན་ལེན་ཏན་ཏིག་བྱ་རྒྱུ།

(གསུམ།)བཟོ་བཀོད་ཀྱི་མེ་ཟོན་གྱི་སྒྲིག་བཀོད་ལ་ལོ་རེར་ཉུང་མཐའ་ཡང་ཕྱོགས་ཡོངས་ནས་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱས་ཏེ་སྐྱོན་མེད་གོ་ཆོད་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས་པ་དང་། ཞིབ་དཔྱད་ཚད་ལེན་ཟིན་ཐོ་བཀོད་ཚུལ་ཆ་ཚང་ཞིང་འཕྱུགས་པ་མེད་པར་ཡིག་ཚགས་སུ་ཉར་ནས་དཔྱད་གཞིར་འཇོག་དགོས།

(བཞི།)མི་ཁ་འགྲེམ་སའི་བགྲོད་ལམ་དང་། ཉེན་མེད་ཐོན་སྒོ། མེ་ཟོན་རླངས་འཁོར་གྱི་བགྲོད་ལམ་བཅས་ཤར་སྐྱོད་ཐུབ་པར་འགན་ལེན་བྱ་རྒྱུ་དང་། མེ་སྐྱོན་དང་དུ་སྐྱོན་འགོག་ཁུལ་དང་མེ་སྐྱོན་འགོག་ཁང་གི་བར་ཐག་མེ་ཟོན་ལག་རྩལ་གྱི་ཚད་གཞི་དང་མཐུན་པའི་འགན་ལེན་བྱ་རྒྱུ།

(ལྔ།)མེ་སྐྱོན་སྔོན་འགོག་གི་ཞིབ་བཤེར་སྒྲིག་འཛུགས་བྱས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་མེད་པར་བཟོ་རྒྱུ།

(དྲུག)དམིགས་ས་ཡོད་པའི་མེ་ཟོན་དངོས་སྦྱོང་སྒྲིག་འཛུགས་བྱ་རྒྱུ།

(བདུན།)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་མེ་ཟོན་གྱི་བདེ་སྲུང་འགན་འཁྲི་གཞན་དག་བཅས་ཡིན།

སྡེ་ཚན་གྱི་འགན་འཁུར་པ་གཙོ་བོ་ནི་སྡེ་ཚན་དེ་གའི་མེ་ཟོན་གྱི་བདེ་སྲུང་འགན་འཁྲི་འཁུར་མཁན་ཡིན།

 

དོན་ཚན་བཅུ་བདུན་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་མེ་སྐྱོན་ཤོར་ཉེན་ཆེ་ཙམ་ཡོད་པ་དང་དེ་བཞིན་མེ་སྐྱོན་བྱུང་ནས་མི་ཤི་རྨས་ཚབས་ཆེན་ནམ་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོ་ཉེན་ཡོད་པའི་སྡེ་ཚན་དེ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་མེ་ཟོན་གྱི་བདེ་སྲུང་སྡེ་ཚན་གནད་ཆེ་བར་གཏན་འཁེལ་བྱ་རྒྱུ་དང་། མཁོ་བསྟུན་དོ་དམ་སྡེ་ཁག་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཐོ་འགོད་སྙན་སེང་ཞུ་དགོས།

མེ་ཟོན་གྱི་བདེ་སྲུང་སྡེ་ཚན་གནད་ཆེ་བ་རྣམས་ཀྱིས་བཅའ་ཁྲིམས་འདིའི་དོན་ཚན་བཅུ་དྲུག་པའི་ནང་གཏན་འབེབས་བྱས་པའི་འགན་འཁྲི་བསྒྲུབ་དགོས་པ་ཕུད། ད་དུང་གཤམ་གསལ་གྱི་མེ་ཟོན་གྱི་བདེ་སྲུང་འགན་འཁྲི་ཡང་བསྒྲུབ་དགོས་པ་སྟེ།

(གཅིག)མེ་ཟོན་གྱི་བདེ་སྲུང་དོ་དམ་པ་གཏན་འཁེལ་བྱ་རྒྱུ་དང་། སྡེ་ཚན་དེ་གའི་མེ་ཟོན་གྱི་བདེ་སྲུང་དོ་དམ་ལས་ཀ་ལག་ལེན་བསྟར་བའི་སྒྲིག་འཛུགས་བྱ་རྒྱུ་དང་།

(གཉིས།)མེ་ཟོན་གྱི་ཡིག་ཚགས་བཟོ་བ་དང་། མེ་ཟོན་གྱི་བདེ་སྲུང་བྱེད་གནས་གཙོ་བོ་གཏན་འཁེལ་བྱས་པ། མེ་འགོག་མཚོན་རྟགས་གསལ་འཛུགས་བཅས་བྱས་ཏེ་དོ་དམ་ནན་མོ་བྱ་རྒྱུ།

(གསུམ།)ཉིན་རེ་བཞིན་མེ་འགོག་སྐོར་ཞིབ་བྱ་རྒྱུ་དང་། སྐོར་ཞིབ་བྱས་ཚུལ་ཟིན་ཐོར་འགོད་རྒྱུ།

(བཞི།)ལས་བཟོ་པར་ལས་གནས་སུ་མ་ཞུགས་གོང་མེ་ཟོན་གྱི་བདེ་སྲུང་གསོ་སྦྱོང་བྱ་རྒྱུ་དང་། དུས་བཀག་ལྟར་མེ་ཟོན་གྱི་བདེ་སྲུང་གསོ་སྦྱོང་དང་དངོས་སྦྱོང་བྱ་རྒྱུའི་སྒྲིག་འཛུགས་བྱ་རྒྱུ།

 

དོན་ཚན་བཅོ་བརྒྱད་པ། བཟོ་བཀོད་གཅིག་སྡེ་ཚན་གཉིས་ཡན་གྱིས་དོ་དམ་བྱེད་པའམ་བེད་སྤྱོད་བྱས་ན། ཕྱོགས་སོ་སོའི་མེ་ཟོན་གྱི་བདེ་སྲུང་འགན་འཁྲི་ཁ་གསལ་བཟོ་དགོས་པ་མ་ཟད། འགན་འཁྲི་འཁུར་མཁན་གཏན་ཁེལ་བྱས་ནས་ཐུན་མོང་དུ་སྤྱོད་རྒྱུའི་མི་འགྲེམ་སའི་བགྲོད་ལམ་དང་། ཉེན་མེད་ཐོན་སྒོ། བཟོ་བཀོད་ཀྱི་མེ་ཟོན་སྒྲིག་བཀོད། མེ་ཟོན་རླངས་འཁོར་གྱི་བགྲོད་ལམ་བཅས་ལ་གཅིག་གྱུར་གྱིས་དོ་དམ་བྱ་དགོས།

སྡོད་ཁང་ཁུལ་གྱི་སྡེ་ལས་ཞབས་ཞུའི་ཁེ་ལས་ཀྱིས་དོ་དམ་ས་ཁོངས་ནང་གི་སྤྱི་སྤྱོད་མེ་ཟོན་གྱི་སྒྲིག་བཀོད་ལ་སྲུང་སྐྱོང་དང་དོ་དམ་བྱས་ནས་མེ་ཟོན་གྱི་བདེ་སྲུང་དོགས་ཟོན་གྱི་ཞབས་ཞུ་མཁོ་འདོན་བྱ་དགོས།

 

དོན་ཚན་བཅུ་དགུ་པ། འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། གསོག་ཉར། གཉེར་སྐྱོང་བཅས་བྱེད་ས་དང་སྡོད་གནས་ས་ཁུལ་བཟོ་བཀོད་གཅིག་གི་ནང་དུ་བཀོད་སྒྲིག་བྱས་མི་ཆོག་པ་དང་། དེ་མིན་སྡོད་གནས་ས་ཁུལ་དང་ཉེན་མེད་ཀྱི་བར་ཐག་སྲུང་འཛིན་བྱ་དགོས།

དངོས་རྫས་གཞན་དག་ཐོན་སྐྱེད་དང་། གསོག་ཉར། གཉེར་སྐྱོང་བཅས་བྱེད་ས་དང་སྡོད་གནས་ས་ཁུལ་བཟོ་བཀོད་གཅིག་གི་ནང་དུ་བཀོད་སྒྲིག་བྱས་ན། རྒྱལ་ཁབ་ཀྱི་ལས་གྲྭ་འཛུགས་སྐྲུན་སྐོར་གྱི་མེ་ཟོན་གྱི་ལག་རྩལ་གྱི་ཚད་གཞི་དང་མཐུན་དགོས།

 

དོན་ཚན་ཉི་ཤུ་པ། མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་སྤེལ་སྐབས་སྒྲུབ་འགན་འཁུར་མཁན་གྱིས་ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་ལ་བདེ་འཇགས་ཆོག་འཐུས་ཐོབ་རེ་ཞུ་དགོས་པ་དང་། མེ་གསོད་དང་མཁོ་བསྟུན་གྱི་མི་ཁ་འགྲེམ་རྒྱུའི་སྔོན་བཀོད་འཆར་གཞི་བཟོ་དགོས་པ་མ་ཟད་དངོས་སྦྱོང་སྒྲིག་འཛུགས་ཀྱང་བྱེད་དགོས་པ་དང་། མེ་ཟོན་གྱི་བདེ་སྲུང་འགན་འཁྲི་ལས་བགོས་ཁ་གསལ་དང་། མེ་ཟོན་གྱི་བདེ་སྲུང་དོ་དམ་མི་སྣ་གཏན་འཁེལ་བྱས་པ། མེ་ཟོན་གྱི་སྒྲིག་བཀོད་དང་མེ་ཟོན་གྱི་ཡོ་ཆས་བཀོད་སྒྲིག་ཆ་ཚང་ཞིང་ཕན་ནུས་ལྡན་པ་སྲུང་འཛིན་བཅས་བྱས་ནས་མི་ཁ་འགྲེམ་སའི་བགྲོད་ལམ་དང་། ཉེན་མེད་ཐོན་སྒོ། ཁ་འགྲེམ་ཕྱོགས་སྟོན་མཚོན་རྟགས། མཁོ་བསྟུན་སྒྲོན་མེ། མེ་ཟོན་རླངས་འཁོར་གྱི་བགྲོད་ལམ་བཅས་མེ་ཟོན་གྱི་ལག་རྩལ་གྱི་ཚད་གཞི་དང་དོ་དམ་གྱི་གཏན་འབེབས་དང་མཐུན་པར་འགན་ལེན་བྱེད་དགོས།

 

དོན་ཚན་ཉེར་གཅིག་པ། མེ་སྐྱོན་དང་འབར་གས་ཀྱི་ཉེན་ཁ་ཡོད་སར་ཐ་མག་འཐེན་པ་དང་མེ་བེད་སྤྱོད་བྱེད་རིགས་གཏན་འགོག་བྱ་རྒྱུ་དང་། ཨར་ལས་བྱེད་པ་སོགས་གནས་ཚུལ་དམིགས་བསལ་ཅན་བྱུང་བའི་རྐྱེན་གྱིས་འབར་མེ་སྤྱད་དེ་ལས་ཀ་བྱ་དགོས་བྱུང་ན། གཏན་འབེབས་ལྟར་སྔོན་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་འགྲིམ་དགོས་པ་དང་། མེ་ཟོན་གྱི་བདེ་སྲུང་བྱེད་ཐབས་འོས་འཚམ་སྤྱོད་དགོས་པར། ལས་སྒྲུབ་མི་སྣས་མེ་ཟོན་གྱི་བདེ་སྲུང་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།

གློག་གིས་ཚ་ལ་རྒྱག་པ་དང་དབྱང་རླུང་གིས་ཚ་ལ་རྒྱག་པ་སོགས་མེ་སྐྱོན་ཤོར་ཉེན་ཆེ་བའི་ལས་སྒྲུབ་མི་སྣ་དང་རང་འགུལ་མེ་ཟོན་གྱི་མ་ལག་བཀོལ་སྤྱོད་བྱེད་མཁན་གྱིས་ངེས་པར་དུ་ལག་ཁྱེར་ཁྱེར་ནས་ལས་གནས་སུ་ལས་ཀ་བྱ་དགོས་པ་དང་། མེ་ཟོན་གྱི་བདེ་སྲུང་བཀོལ་སྤྱོད་སྒྲིག་སྲོལ་ལ་བརྩི་སྲུང་ཡང་ཞུ་དགོས།

 

དོན་ཚན་ཉེར་གཉིས་པ། འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། གསོག་ཉར། འདོན་འཇུག་བཅས་བྱེད་པའི་བཟོ་གྲྭ་དང་། མཛོད་ཁང་། ཆེད་སྤྱོད་རླངས་འཁོར་འབབ་ཚུགས་དང་གྲུ་ཁ་བཅས་འཛུགས་པར་མེ་ཟོན་གྱི་ལག་རྩལ་གྱི་ཚད་གཞི་དང་མཐུན་དགོས། འབར་གས་སླ་བའི་རླངས་གཟུགས་དང་གཤེར་གཟུགས་ཀྱི་ཁ་སྣོན་ས་ཚིགས་དང་། མཁོ་སྤྲོད་ས་ཚིགས། གནོན་ཤུགས་སྙོམ་སྒྲིག་ས་ཚིགས་བཅས་མེ་ཟོན་གྱི་བདེ་སྲུང་བླང་བྱ་དང་མཐུན་པའི་གནས་ཡུལ་དུ་འཛུགས་དགོས་པ་མ་ཟད། མེ་འགོག་དང་འབར་གས་སྔོན་འགོག་གི་བླང་བྱ་དང་མཐུན་དགོས།

འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། གསོག་ཉར། འདོན་འཇུག་བཅས་བྱེད་པའི་བཟོ་གྲྭ་དང་། མཛོད་ཁང་། ཆེད་སྤྱོད་རླངས་འཁོར་འབབ་ཚུགས། གྲུ་ཁ་བཅས་དང་། འབར་གས་སླ་བའི་རླངས་གཟུགས་དང་གཤེར་གཟུགས་ཀྱི་ཁ་སྣོན་ས་ཚིགས་དང་། མཁོ་སྤྲོད་ས་ཚིགས། གནོན་ཤུགས་སྙོམ་སྒྲིག་ས་ཚིགས་བཅས་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་དང་མི་མཐུན་ན། ས་གནས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་དུས་བཀག་ལྟར་ཐག་གཅོད་བྱ་རྒྱུའི་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ནས་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་དགོས།

 

དོན་ཚན་ཉེར་གསུམ་པ། འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། གསོག་ཉར། སྐྱེལ་འདྲེན། ཕྱིར་འཚོང་། བེད་སྤྱོད། མེད་པར་བཟོ་བ་བཅས་བྱེད་པར་ངེས་པར་དུ་མེ་ཟོན་གྱི་ལག་རྩལ་གྱི་ཚད་གཞི་དང་དོ་དམ་སྐོར་གྱི་གཏན་འབེབས་ལག་བསྟར་བྱ་དགོས།

འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་གསོག་ཉར་བྱེད་སར་སྐྱོད་སྐབས་ངེས་པར་དུ་མེ་ཟོན་གྱི་བདེ་སྲུང་སྐོར་གྱི་གཏན་འབེབས་ལག་བསྟར་བྱ་དགོས་པ་དང་། ཁྲིམས་དང་མི་མཐུན་པར་འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་ཁྱེར་ནས་མི་མང་འདུ་སར་འགྲོ་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་རིགས་གཏན་འགོག་བྱ་རྒྱུ།

འབར་སླ་བའི་དངོས་རྫས་གསོག་ཉར་བྱེད་སའི་མཛོད་ཁང་དོ་དམ་བྱེད་པར་ངེས་པར་དུ་མེ་ཟོན་གྱི་ལག་རྩལ་གྱི་ཚད་གཞི་དང་དོ་དམ་སྐོར་གྱི་གཏན་འབེབས་ལག་བསྟར་བྱ་དགོས།

 

དོན་ཚན་ཉེར་བཞི་པ། མེ་ཟོན་གྱི་ཐོན་རྫས་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་དགོས་པ་དང་། རྒྱལ་ཁབ་ཀྱི་ཚད་གཞི་མེད་ན་ངེས་པར་དུ་ལས་རིགས་ཀྱི་ཚད་གཞི་དང་མཐུན་དགོས། ཚད་མ་ལོན་པའི་མེ་ཟོན་གྱི་ཐོན་རྫས་དང་དེ་བཞིན་རྒྱལ་ཁབ་ཀྱིས་ཕྱིར་འབུད་ཀྱི་བཀའ་ཁྱབ་གསལ་པོ་བསྒྲགས་པའི་མེ་ཟོན་གྱི་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་ངམ་བེད་སྤྱོད་བཅས་བྱས་མི་ཆོག

ཁྲིམས་ལྟར་བཙན་ཤེད་རང་བཞིན་གྱི་ཐོན་རྫས་བདེན་དཔང་ར་སྤྲོད་བྱེད་པའི་མེ་ཟོན་གྱི་ཐོན་རྫས་ལ་ཁྲིམས་བཀོད་ཀྱི་ཐོབ་ཐང་ལྡན་པའི་བདེན་དཔང་ར་སྤྲོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞིའི་བཙན་ཤེད་རང་བཞིན་གྱི་བླང་བྱ་ལྟར་བདེན་དཔང་ར་སྤྲོད་བྱས་ཏེ་ཚད་ལོན་རྗེས་ད་གཟོད་ཐོན་སྐྱེད་དང་། ཕྱིར་འཚོང་། བེད་སྤྱོད་བཅས་བྱས་ཆོག བཙན་ཤེད་རང་བཞིན་གྱི་ཐོན་རྫས་བདེན་དཔང་ར་སྤྲོད་ལག་བསྟར་བྱ་རྒྱུའི་མེ་ཟོན་གྱི་ཐོན་རྫས་ཀྱི་དཀར་ཆག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐོན་རྫས་སྤུས་ཚད་ལྟ་སྐུལ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཁོ་བསྟུན་དོ་དམ་སྡེ་ཁག་དང་མཉམ་དུ་གཏན་འབེབས་དང་སྤྱི་བསྒྲགས་བྱ་རྒྱུ།

རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་བཟོས་མེད་པའི་མེ་ཟོན་གྱི་ཐོན་རྫས་གསར་དུ་ཞིབ་འཇུག་དང་གསར་བཟོ་བྱས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐོན་རྫས་སྤུས་ཚད་ལྟ་སྐུལ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་མཁོ་བསྟུན་དོ་དམ་སྡེ་ཁག་དང་ལྷན་དུ་གཏན་འབེབས་བྱས་པའི་བྱེད་ཐབས་ལྟར་ལག་རྩལ་གསལ་འབྱེད་བྱས་རྗེས་མེ་ཟོན་གྱི་བདེ་སྲུང་བླང་བྱ་དང་མཐུན་རིགས་ད་གཟོད་ཐོན་སྐྱེད་དང་། ཕྱིར་འཚོང་། བེད་སྤྱོད་བཅས་བྱས་ཆོག

དོན་ཚན་འདིའི་གཏན་འབེབས་ལྟར་བཙན་ཤེད་རང་བཞིན་གྱི་ཐོན་རྫས་བདེན་དཔང་ར་སྤྲོད་བྱས་ནས་ཚད་ལོན་པའམ་ཡང་ན་ལག་རྩལ་གསལ་འབྱེད་བྱས་ནས་ཚད་ལོངས་པའི་མེ་ཟོན་གྱི་ཐོན་རྫས་ཡིན་ཕྱིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་མཁོ་བསྟུན་དོ་དམ་སྡེ་ཁག་གིས་སྤྱི་བསྒྲགས་བྱ་དགོས།

 

དོན་ཚན་ཉེར་ལྔ་པ། ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་སྡེ་ཁག་དང་། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག མེ་ཟོན་རོགས་སྐྱོབ་སྒྲིག་གཞི་བཅས་ཀྱིས་སོ་སོའི་འགན་འཁྲི་ལྟར་མེ་ཟོན་གྱི་ཐོན་རྫས་ཀྱི་སྤུས་ཀར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།

 

དོན་ཚན་ཉེར་དྲུག་པ། ཨར་པོའི་ལྷུ་ཆས་དང་། ཨར་ལས་རྒྱུ་ཆས། ཁང་པའི་ནང་སྒྲིག་བཟོ་དང་མཛེས་བཟོའི་རྒྱུ་ཆས་བཅས་ཀྱི་མེ་འགོག་བྱེད་ནུས་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་དགོས་པ་དང་། རྒྱལ་ཁབ་ཀྱི་ཚད་གཞི་མེད་ན་ངེས་པར་དུ་ལས་རིགས་ཀྱི་ཚད་གཞི་དང་མཐུན་དགོས།

མི་ཚོགས་འདུ་འཛོམས་ཡོང་སའི་ཁང་པའི་ནང་སྒྲིག་བཟོ་དང་མཛེས་སྤྲས་བྱེད་སྐབས་མེ་ཟོན་གྱི་ལག་རྩལ་གྱི་ཚད་གཞིའི་བླང་བྱ་ལྟར་འབར་རྒྱུ་མེད་པ་དང་འབར་དཀའ་བའི་རྒྱུ་ཆ་བེད་སྤྱོད་བྱ་དགོས།

 

དོན་ཚན་ཉེར་བདུན་པ། གློག་ཆས་ཐོན་རྫས་དང་རླངས་འབར་ཡོ་བྱད་ཐོན་རྫས་ཀྱི་ཚད་གཞི་དེ་མེ་ཟོན་གྱི་བདེ་སྲུང་བླང་བྱ་དང་མཐུན་དགོས།

གློག་ཆས་ཐོན་རྫས་དང་རླངས་འབར་ཡོ་བྱད་སྒྲིག་སྦྱོར་དང་བཀོལ་སྤྱོད་བྱེད་པ་དང་། དེའི་སྐུད་ལམ་དང་སྦུག་ལམ་ཇུས་འགོད་དང་། འདིང་བ། སྲུང་སྐྱོང་བདག་གཅེས། ཞིབ་དཔྱད་ཚད་ལེན་བཅས་བྱེད་པར་ངེས་པར་དུ་མེ་ཟོན་གྱི་ལག་རྩལ་གྱི་ཚད་གཞི་དང་དོ་དམ་སྐོར་གྱི་གཏན་འབེབས་དང་མཐུན་དགོས།

 

དོན་ཚན་ཉེར་བརྒྱད་པ། སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་མེ་ཟོན་གྱི་སྒྲིག་བཀོད་དང་ཡོ་བྱད་ལ་གཏོར་སྐྱོན་གཏོང་བ་དང་གཞན་དུ་སྤྱོད་པ་དང་། ཡང་ན་རང་མཚམས་ཀྱིས་བཤིག་པ་དང་སྤྱོད་མཚམས་འཇོག་པ་བཅས་བྱས་མི་ཆོག་པ་དང་། མེ་གསོད་ཆུ་སྒོ་སྦས་གནོན་དང་། མཚམས་བཀོད་བཅད་བཟུང་། གཡོ་འགེབས་བཅས་བྱས་མི་ཆོག་པར། མེ་འགོག་གི་བར་ཐག་བཟུང་སྤྱོད་བྱས་མི་ཆོག་པ་དང་། མི་ཁ་འགྲེམ་སའི་བགྲོད་ལམ་དང་། ཉེན་མེད་ཐོན་སྒོ། མེ་ཟོན་རླངས་འཁོར་གྱི་བགྲོད་ལམ་བཅས་བཟུང་སྤྱོད་དང་བཀག་བསྡོམས་བྱས་མི་ཆོག མི་ཚོགས་འདུ་འཛོམས་ཡོང་སའི་སྒོ་དང་སྒེའུ་ཁུང་ལ་སྲོག་ཉེན་ལས་ཐར་ཐབས་དང་མེ་ཟོན་རོགས་སྐྱོབ་བྱེད་པར་གནོད་པའི་བཀག་ཆ་བཀོད་སྒྲིག་བྱས་མི་ཆོག

 

དོན་ཚན་ཉེར་དགུ་པ། སྤྱི་པའི་མེ་ཟོན་གྱི་སྒྲིག་བཀོད་སྲུང་སྐྱོང་དོ་དམ་བྱེད་འགན་འཁུར་བའི་སྡེ་ཚན་གྱིས་མེ་ཟོན་གྱི་ཆུ་མཁོ་སྤྲོད་དང་། མེ་ཟོན་གྱི་འཕྲིན་སྐྱེལ། མེ་ཟོན་རླངས་འཁོར་གྱི་བགྲོད་ལམ་སོགས་སྤྱི་པའི་མེ་ཟོན་གྱི་སྒྲིག་བཀོད་སྐྱོན་མེད་གོ་ཆོད་ཡོང་བ་སྲུང་འཛིན་བྱ་དགོས་པར། གཞུང་ལམ་བཟོ་བ་དང་དེ་བཞིན་གློག་དང་ཆུ་བཀག་པ་དང་འཕྲིན་སྐྱེལ་སྐུད་ལམ་གཅོད་པ་བཅས་བྱེད་སྐབས་མེ་ཟོན་རུ་ཁག་གིས་མེ་གསོད་རོགས་སྐྱོབ་བྱེད་པར་གནོད་པ་འབྱུང་ཉེན་ཡོད་ན། འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྔོན་ཚུད་ནས་ས་གནས་དེ་གའི་མེ་གསོད་རོགས་སྐྱོབ་སྒྲིག་གཞིར་བརྡ་ཐོ་གཏོང་དགོས།

 

དོན་ཚན་སུམ་ཅུ་པ། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་གྲོང་གསེབ་ཀྱི་མེ་ཟོན་གྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱེད་ཐབས་སྤྱད་དེ་སྤྱི་པའི་མེ་ཟོན་གྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མེ་ཟོན་གྱི་བདེ་སྲུང་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་དོན་འཁྱོལ་བྱེད་པར་སྒྲིག་འཛུགས་དང་ལྟ་སྐུལ་བཅས་བྱ་དགོས།

 

དོན་ཚན་སོ་གཅིག་པ། ཞིང་ལས་ལོ་ཏོག་བསྡུ་བའི་དུས་ཚིགས་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དུས་སྐབས། དུས་ཆེན་དང་གུང་སང་གལ་ཆེན་གཏོང་རིང་། དེ་བཞིན་མེ་སྐྱོན་ཤོར་ཉེན་ཆེ་བའི་ནམ་དུས་བཅས་སུ་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་དམིགས་ས་ཡོད་པའི་མེ་ཟོན་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་སྒྲིག་འཛུགས་བྱ་དགོས་པ་དང་། མེ་འགོག་བྱ་ཐབས་སྤྱད་དེ་མེ་ཟོན་གྱི་བདེ་སྲུང་བྱེད་ཚུལ་ལ་ཞིབ་བཤེར་བྱ་དགོས།

 

དོན་ཚན་སོ་གཉིས་པ། ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་གྲོང་ཁྱེར་གྱི་སྲང་ལམ་དོན་གཅོད་ཁང་གིས་གྲོང་མིའི་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་རང་བཞིན་ལྡན་པའི་མེ་ཟོན་གྱི་ལས་དོན་སྤེལ་བར་ཁྲིད་སྟོན་དང་། རྒྱབ་སྐྱོར། རོགས་རམ་བཅས་བྱ་དགོས་པ་དང་། གྲོང་མིའི་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་མེ་ཟོན་གྱི་བདེ་སྲུང་དོ་དམ་པ་གཏན་ཁེལ་བྱ་རྒྱུ་དང་། མེ་འགོག་བདེ་སྲུང་གི་སྤྱི་ཆིངས་འགོད་རྒྱུའི་སྒྲིག་འཛུགས་བྱེད་པ། མེ་འགོག་བདེ་སྲུང་གི་ཞིབ་བཤེར་བཅས་བྱ་དགོས།

 

དོན་ཚན་སོ་གསུམ་པ། རྒྱལ་ཁབ་གྱིས་མི་ཚོགས་འདུ་འཛོམས་ཡོང་ས་དང་འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། གསོག་ཉར། སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱེད་མཁན་ཁེ་ལས་རྣམས་མེ་སྐྱོན་སྐོར་གྱི་སྤྱི་དམངས་འགན་འཁྲིའི་ཉེན་འགོག་འགན་ལེན་ནང་ཞུགས་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱ་རྒྱུ་དང་། ཉེན་འགོག་འགན་ལེན་ཀུང་སིས་མེ་སྐྱོན་གྱི་སྤྱི་དམངས་འགན་འཁྲིའི་ཉེན་འགོག་འགན་ལེན་བྱེད་འགན་འཁུར་བར་བསྔགས་སྐུལ་བྱ་རྒྱུ།

 

དོན་ཚན་སོ་བཞི་པ། མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་བདེན་དཔུང་ར་སྤྲོད་དང་། མེ་ཟོན་གྱི་སྒྲིག་བཀོད་ཞིབ་དཔྱད་ཚད་ལེན་བྱ་རྒྱུ། མེ་ཟོན་གྱི་བདེ་སྲུང་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་མེ་ཟོན་གྱི་ལག་རྩལ་ཞབས་ཞུ་ལས་ཁུངས་དང་ལས་གཉེར་མི་སྣར་ཁྲིམས་ལྟར་བབ་མཚུངས་ཀྱི་བློ་རིག་དང་ཐོབ་ཐང་འཐོབ་དགོས་པ་དང་། བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་ཚད་གཞི། ལས་རིགས་ཀྱི་ཚད་གཞི། ལས་གཉེར་ཚད་གཞི་བཅས་ལྟར་མེ་ཟོན་གྱི་ལག་རྩལ་ཞབས་ཞུ་མངགས་བཅོལ་འདོན་སྤྲོད་བྱ་རྒྱུ་དང་ལེན་བྱེད་པ་མ་ཟད། ཞབས་ཞུའི་སྤུས་ཚད་ལའང་འགན་འཁུར་དགོས།

 

ལེའུ་གསུམ་པ། མེ་ཟོན་རྩ་འཛུགས་སྐོར།

 

དོན་ཚན་སོ་ལྔ་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་མེ་ཟོན་གྱི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དགོས་མཁོར་གཞིགས་ནས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མེ་ཟོན་གྱི་རྩ་འཛུགས་འཛུགས་པ་དང་། མེ་ཟོན་གྱི་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མེ་སྐྱོན་སྔོན་འགོག་དང་། མེ་གསོད་མི་སྐྱོབ། མཁོ་བསྟུན་རོགས་སྐྱོབ་བཅས་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས།

 

དོན་ཚན་སོ་དྲུག་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་ལྡན་པའི་མེ་ཟོན་རོགས་སྐྱོབ་རུ་ཁག་དང་། ཆེད་བསྐོས་མེ་ཟོན་རུ་ཁག་འཛུགས་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་ཚད་གཞི་ལྟར་མེ་ཟོན་གྱི་གོ་ལག་སྒྲིག་སྦྱོར་བྱས་ནས་མེ་གསོད་མི་སྐྱོབ་ཀྱི་ལས་ཀ་སྒྲུབ་འགན་འཁུར་དགོས།

ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་མེ་ཟོན་ལས་དོན་གྱི་དགོས་མཁོ་དང་བསྟུན་ནས་ཆེད་བསྐོས་མེ་ཟོན་རུ་ཁག་དང་དང་བླངས་མེ་ཟོན་རུ་ཁག་བཙུགས་ཏེ་མེ་གསོད་མི་སྐྱོབ་ཀྱི་ལས་ཀ་སྒྲུབ་འགན་འཁུར་དགོས།

 

དོན་ཚན་སོ་བདུན་པ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་ལྡན་པའི་མེ་ཟོན་རོགས་སྐྱོབ་རུ་ཁག་དང་ཆེད་བསྐོས་མེ་ཟོན་རུ་ཁག་གིས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གནོད་སྐྱོན་གྱི་བྱུར་ཉེས་ཚབས་ཆེན་དང་མིའི་ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་གཙོ་བོར་འཛིན་པའི་མཁོ་བསྟུན་རོགས་སྐྱོབ་ལས་ཀ་གཞན་དག་སྒྲུབ་འགན་འཁུར་རྒྱུ།

 

དོན་ཚན་སོ་བརྒྱད་པ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་རུ་ཁག་དང་ཆེད་བསྐོས་མེ་ཟོན་རུ་ཁག་གིས་མེ་གསོད་མི་སྐྱོབ་དང་མཁོ་བསྟུན་རོགས་སྐྱོབ་ཀྱི་ཆེད་ལས་སྟོབས་ཤུགས་ཀྱི་རྐང་འཛིན་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ཆེད་ལས་རྩལ་ནུས་སྦྱོང་བརྡར་བྱ་རྒྱུ་སྒྲིག་འཛུགས་དང་། ཡོ་བྱད་སྒྲིག་སྦྱོར་དང་སྲུང་སྐྱོང་བྱས་ནས་མེ་གསོད་མི་སྐྱོབ་དང་མཁོ་བསྟུན་རོགས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་དགོས།

 

དོན་ཚན་སོ་དགུ་པ། གཤམ་གསལ་སྡེ་ཚན་གྱིས་སྡེ་ཚན་གྱི་ཆེད་བསྐོས་མེ་ཟོན་རུ་ཁག་བཙུགས་ཏེ་སྡེ་ཚན་དེ་གའི་མེ་གསོད་མི་སྐྱོབ་ཀྱི་ལས་ཀ་སྒྲུབ་འགན་འཁུར་དགོས་པ་སྟེ།

(གཅིག)ཉིང་རྡུལ་སྒྲིག་བཀོད་སྡེ་ཚན་ཆེ་གྲས་དང་། གློག་འདོན་བཟོ་གྲྭ་ཆེ་གྲས། དམངས་སྤྱོད་གནམ་གྲུ་ཐང་། གྲུ་ཁ་གཙོ་བོ་བཅས་དང་།

(གཉིས།)འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་གསོག་ཉར་བྱེད་མཁན་གྱི་ཁེ་ལས་ཆེ་གྲས།

(གསུམ།)འབར་ཐུབ་པའི་དངོས་ཟོག་གལ་ཆེན་གསོག་ཉར་བྱེད་སའི་མཛོད་ཁང་དང་རྟེན་གཞི་ཆེ་གྲས།

(བཞི།)ནང་གསེས་དོན་ཚན་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གཏན་འབེབས་ཕུད་པའི་མེ་སྐྱོན་ཤོར་ཉེན་ཅུང་ཆེ་ཞིང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་རུ་ཁག་དང་རྒྱང་ཐག་ཅུང་རིང་བའི་ཁེ་ལས་ཆེ་གྲས་གཞན་དག

(ལྔ།)རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་ལྡན་པའི་མེ་ཟོན་རོགས་སྐྱོབ་རུ་ཁག་དང་རྒྱང་ཐག་ཅུང་རིང་ཞིང་རྒྱལ་ཡོངས་ཀྱི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་གནད་ཆེ་བའི་ཁོངས་སུ་བཅུག་པའི་བཟོ་བཀོད་རྙིང་རིགས་ཚོགས་ཀྱི་དོ་དམ་སྡེ་ཚན་བཅས་ཡིན།

 

དོན་ཚན་བཞི་བཅུ་པ། ཆེད་བསྐོས་མེ་ཟོན་རུ་ཁག་འཛུགས་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས་པ་དང་། དེ་མིན་ས་གནས་དེ་གའི་མེ་ཟོན་རོགས་སྐྱོབ་ལས་ཁུངས་ལ་ཞིབ་བཤེར་རྩིས་ལེན་ཞུ་དགོས།

ཆེད་བསྐོས་མེ་ཟོན་རུ་ཁག་གི་རུ་མིས་ཁྲིམས་ལྟར་སྤྱི་ཚོགས་ཀྱི་འགན་བཅོལ་དང་ཕན་བདེའི་ཐོབ་ཐང་ལོངས་སུ་སྤྱོད་པ།

 

དོན་ཚན་ཞེ་གཅིག་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས། བྱ་ལས་སྡེ་ཚན་བཅས་དང་དེ་བཞིན་གྲོང་མིའི་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་དགོས་མཁོར་གཞིགས་ནས་དང་བླངས་མེ་ཟོན་རུ་ཁག་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མེ་ཟོན་གྱི་རྩ་འཛུགས་བཙུགས་ཏེ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་རང་འགོག་རང་སྐྱོབ་ལས་ཀ་སྤེལ་རྒྱུ།

 

དོན་ཚན་ཞེ་གཉིས་པ། མེ་ཟོན་རོགས་སྐྱོབ་སྒྲིག་གཞི་ཡིས་ཆེད་བསྐོས་མེ་ཟོན་རུ་ཁག་དང་དང་བླངས་མེ་ཟོན་རུ་ཁག་སོགས་མེ་ཟོན་གྱི་རྩ་འཛུགས་ལ་ལས་སྒོའི་ཁྲིད་སྟོན་བྱ་དགོས་པ་དང་། མེ་གསོད་མི་སྐྱོབ་ཀྱི་དགོས་མཁོར་གཞིགས་ནས་ཆེད་བསྐོས་མེ་ཟོན་རུ་ཁག་སྐུལ་སློང་དང་བཀོད་འདོམས་བྱས་ནས་མེ་གསོད་མི་སྐྱོབ་ཀྱི་ལས་ཀར་ཞུགས་སུ་བཅུག་ཆོག

 

ལེའུ་བཞི་པ། མེ་སྐྱོན་རོགས་སྐྱོབ་བྱེད་ཕྱོགས་སྐོར།

 

དོན་ཚན་ཞེ་གསུམ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ཏེ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་མེ་སྐྱོན་གྱི་ཁྱད་ཆོས་ལ་དམིགས་ནས་མཁོ་བསྟུན་གྱི་སྔོན་བཀོད་འཆར་གཞི་བཟོ་བ་དང་། མཁོ་བསྟུན་གྱི་འགྱུར་འབྱུང་དང་ཐག་གཅོད་ནང་རྐྱེན་བཙུགས་ཏེ་མེ་གསོད་མི་སྐྱོབ་དང་མཁོ་བསྟུན་རོགས་སྐྱོབ་ལས་ཀར་མི་སྣ་དང་སྒྲིག་ཆས་འདོན་སྤྲོད་བྱེད་པ་སོགས་ཀྱི་འགན་སྲུང་བྱ་དགོས།

 

དོན་ཚན་ཞེ་བཞི་པ། སྐྱེ་བོ་སུ་ཞིག་གིས་མེ་སྐྱོན་ཤོར་བ་ཤེས་ཚེ་ལམ་སེང་ཉེན་བརྡ་སྐྱེལ་དགོས་པ་དང་། སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མས་རིན་སྐྱིན་མི་དགོས་པར་ཉེན་བརྡ་སྐྱེལ་བར་སྟབས་བདེ་བསྐྲུན་དགོས་པ་ལས་ཉེན་བརྡ་སྐྱེལ་བར་བཀག་འགོག་བྱས་མི་ཆོག མེ་སྐྱོན་ཉེན་བརྡ་རྫུན་ཞུ་བྱས་མི་ཆོག

མི་ཚོགས་འདུ་འཛོམ་ཡོང་སར་མེ་སྐྱོན་ཤོར་ན་འདུ་འཛོམ་ཡོང་ས་དེ་གའི་ལས་སྒྲུབ་མི་སྣས་དེ་གར་ཡོད་པའི་མི་སྣ་འཕྲལ་མར་ཁ་འགྲེམ་བྱ་རྒྱུའི་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་དགོས།

སྡེ་ཚན་གང་ཞིག་ལ་མེ་སྐྱོན་བྱུང་ན་ངེས་པར་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་མེ་གསོད་མི་སྐྱོབ་བྱ་དགོས་པ་དང་། ཉེ་འདབས་ཀྱི་སྡེ་ཚན་གྱིས་དེར་རོགས་སྐྱོར་བྱ་དགོས།

མེ་ཟོན་རུ་ཁག་ལ་མེ་སྐྱོན་ཉེན་བརྡ་འབྱོར་འཕྲལ་ངེས་པར་དུ་མེ་སྐྱོན་བྱུང་སར་འཕྲལ་མར་བསྐྱོད་དེ་ཉེན་ཁར་ཐུག་པའི་མི་སྣ་སྐྱོབ་རོགས་བྱེད་པ་དང་། ཉེན་ཁའི་གནས་ཚུལ་ཁྱད་བསད་བྱེད་པ། མེ་གསོད་བྱེད་པ་བཅས་བྱ་དགོས།

 

དོན་ཚན་ཞེ་ལྔ་པ། མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་མེ་སྐྱོན་བྱུང་ཡུལ་དུ་མེ་གསོད་མི་སྐྱོབ་བྱེད་པར་གཅིག་གྱུར་གྱིས་སྒྲིག་འཛུགས་དང་བཀོད་འདོམས་བྱ་དགོས་པ་དང་། ཉེན་ཁར་ཐུག་པའི་མི་སྣའི་ཚེ་སྲོག་བདེ་འཇགས་ཡོང་བར་དམིགས་བསལ་གྱིས་སྔོན་ལ་འགན་སྲུང་བྱ་དགོས།

མེ་སྐྱོན་ཤོར་སའི་སྤྱི་ཁྱབ་བཀོད་འདོམས་པས་མེ་སྐྱོན་སེལ་བའི་དགོས་མཁོར་གཞིགས་ནས་གཤམ་གསལ་གྱི་དོན་དག་ཐག་གཅོད་བྱེད་དབང་ཡོད་པ་སྟེ།

(གཅིག)ཆུའི་འབྱུང་ཁུངས་སྣ་ཚོགས་སྤྱོད་རྒྱུ་དང་།

(གཉིས།)གློག་ཤུགས་དང་འབར་ཐུབ་པའི་རླངས་གཟུགས་དང་གཤེར་གཟུགས་སྐྱེལ་འདྲེན་བྱེད་ལམ་གཅོད་རྒྱུ་དང་། མེ་དང་གློག་སྤྱོད་པར་བཀག་སྡོམ་བྱ་རྒྱུ།

(གསུམ།)ཉེན་ཟོན་ཁུལ་གྱི་དབྱེ་མཚམས་བཅད་ནས་ས་ཆ་ཁ་ཤས་ཀྱི་འགྲིམ་འགྲུལ་ལ་རྩིས་སྤྲོད་དོ་དམ་བྱ་རྒྱུ།

(བཞི།)ཉེ་འཁོར་གྱི་འཛུགས་སྐྲུན་དངོས་པོ་དང་འབྲེལ་ཡོད་སྒྲིག་བཀོད་བེད་སྤྱོད་བྱ་རྒྱུ།

(ལྔ།)མི་སྣ་དང་དངོས་ཟོག་གལ་ཆེན་མྱུར་སྐྱོབ་དང་། མེ་སྐྱོན་མཆེད་པར་སྔོན་འགོག་བྱེད་ཆེད། མེ་སྐྱོན་བྱུང་ཡུལ་དང་མུ་མཐའ་འབྲེལ་བའི་རྩིག་བཟོས་དང་བཟོ་བཀོད་དངོས་པོའམ་སྒྲིག་བཀོད་སོགས་བཤིག་པའམ་ཆག་གྲུམ་གཏོང་བ།

(དྲུག)ཆུ་དང་། གློག སོལ་རླངས་བཅས་འདོན་སྤྲོད་བྱེད་མཁན་དང་། འཕྲིན་གཏོང་། སྨན་བཅོས་སྲོག་སྐྱོབ། འགྲིམ་འགྲུལ་སྐྱེལ་འདྲེན། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་སྐུལ་སློང་བྱས་ནས་མེ་གསོད་རོགས་སྐྱོབ་བྱེད་རོགས་བྱ་རྒྱུ།

མེ་སྐྱོན་སེལ་བའི་ཛ་དྲག་ཆེ་བའི་དགོས་མཁོར་གཞིགས་ནས་འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་མི་སྣ་སྒྲིག་འཛུགས་དང་དགོས་ངེས་ཀྱི་དངོས་རྫས་བསྡུ་རུབ་བྱས་ནས་མེ་གསོད་པར་རོགས་སྐྱོར་བྱ་དགོས།

 

དོན་ཚན་ཞེ་དྲུག་པ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་ལྡན་པའི་མེ་ཟོན་རོགས་སྐྱོབ་རུ་ཁག་དང་ཆེད་བསྐོས་མེ་ཟོན་རུ་ཁག་གིས་མེ་སྐྱོན་ཕུད་པའི་གནོད་སྐྱོན་གྱི་བྱུར་ཉེས་ཚབས་ཆེན་གཞན་དག་བྱུང་བའི་མཁོ་བསྟུན་རོགས་སྐྱོབ་ལས་ཀར་ཞུགས་པར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ།

 

དོན་ཚན་ཞེ་བདུན་པ། མེ་ཟོན་རླངས་འཁོར་དང་མེ་ཟོན་དམག་གྲུ་ཡིས་མེ་གསོད་མི་སྐྱོབ་བམ་མཁོ་བསྟུན་རོགས་སྐྱོབ་ཀྱི་ལས་འགན་སྒྲུབ་པར་སྐྱོད་སྐབས། བདེ་འཇགས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་བགྲོད་སྐྱོད་ཀྱི་མྱུར་ཚད་དང་། བགྲོད་སྐྱོད་ཀྱི་ལམ་ཕྱོགས། བགྲོད་སྐྱོད་ཀྱི་ཁ་ཕྱོགས། བཀོད་འདོམས་བརྡ་རྟགས་བཅས་ཀྱི་ཚོད་འཛིན་མི་ཐེབས་ཤིང་། རླངས་འཁོར་དང་གྲུ་གཟིངས་གཞན་དག དེ་བཞིན་འགྲོ་མི་བཅས་ཀྱིས་གཟུར་བཤོལ་བྱ་དགོས་པ་ལས་བར་འཛུལ་དང་བརྒལ་ཐབས་བྱས་མི་ཆོག རིན་བསྡུའི་གཞུང་ལམ་དང་ཟམ་པས་དེ་དག་གི་འཁོར་ལོའི་རིགས་ཀྱི་ཤར་བགྲོད་གྲོན་དངུལ་བསྡུ་ལེན་མི་བྱེད་པ་དང་། འགྲིམ་འགྲུལ་དོ་དམ་བཀོད་འདོམས་མི་སྣས་མེ་ཟོན་རླངས་འཁོར་དང་མེ་ཟོན་དམག་གྲུ་ཤར་བགྲོད་ཐུབ་པར་འགན་ལེན་བྱ་དགོས།

མེ་སྐྱོན་ཤོར་སའམ་མཁོ་བསྟུན་རོགས་སྐྱོབ་བྱེད་སར་སྐྱོད་པའི་མེ་ཟོན་མི་སྣ་དང་བསྡུ་རུབ་བྱས་པའི་མེ་ཟོན་གྱི་སྒྲིག་ཆས་དང་དངོས་རྫས་རྣམས་ལྕགས་ལམ་དང་ཆུ་ལམ་མམ་ཡང་ན་མཁའ་ཐོག་སྐྱེལ་འདྲེན་བྱེད་དགོས་བྱུང་ན། འབྲེལ་ཡོད་སྡེ་ཚན་གྱིས་དམིགས་སུ་བཀར་ནས་སྔོན་ལ་སྐྱེལ་འདྲེན་བྱ་དགོས།

 

དོན་ཚན་ཞེ་བརྒྱད་པ། མེ་ཟོན་རླངས་འཁོར་དང་མེ་ཟོན་དམག་གྲུ་དང་དེ་བཞིན་མེ་ཟོན་ཡོ་བྱད་དང་། གོ་ལག སྒྲིག་བཀོད་བཅས་མེ་ཟོན་དང་མཁོ་བསྟུན་རོགས་སྐྱོབ་ལས་ཀ་དང་འབྲེལ་བ་མེད་པའི་བྱ་བར་སྤྱད་མི་ཆོག

 

དོན་ཚན་ཞེ་དགུ་པ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་རུ་ཁག་དང་ཆེད་བསྐོས་མེ་ཟོན་རུ་ཁག་གིས་མེ་གསོད་མི་སྐྱོབ་དང་མཁོ་བསྟུན་རོགས་སྐྱོབ་བྱེད་པར་འགྲོ་གྲོན་གང་ཡང་ལེན་མི་ཆོག

སྡེ་ཚན་གྱི་ཆེད་བསྐོས་མེ་ཟོན་རུ་ཁག་དང་དང་བླངས་མེ་ཟོན་རུ་ཁག་སྡེ་ཚན་གཞན་པའི་མེ་སྐྱོན་སེལ་བར་ཞུགས་ནས་ཟད་གྲོན་སོང་བའི་འབར་རྫས་དང་། མེ་གསོད་རྫས། ཡོ་བྱད། གོ་ལག་སོགས་མེ་སྐྱོན་བྱུང་སའི་མི་དམངས་སྲིད་གཞུང་གིས་སྐྱིན་ཚབ་སྤྲོད་དགོས།

 

དོན་ཚན་ལྔ་བཅུ་པ། མེ་གསོད་མི་སྐྱོབ་བམ་མཁོ་བསྟུན་རོགས་སྐྱོབ་བྱེད་པར་ཞུགས་ནས་རྨས་སྐྱོན་ཕོག་པ་དང་། དབང་པོ་སྐྱོན་ཅན་དུ་གྱུར་པའམ་ཡང་ན་ཤི་བའི་མི་སྣར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྨན་བཅོས་དང་འཆི་གོད་གྱོང་གསབ་བྱ་དགོས།

 

དོན་ཚན་ང་གཅིག་པ། མེ་ཟོན་རོགས་སྐྱོབ་སྒྲིག་གཞིར་དགོས་མཁོར་གཞིགས་ནས་མེ་སྐྱོན་བྱུང་ཡུལ་བཀག་སྡོམ་བྱེད་དབང་ཡོད་པ་དང་། མེ་སྐྱོན་འབྱུང་རྐྱེན་བརྟག་དཔྱད་དང་མེ་སྐྱོན་གྱི་གྱོང་གུན་བསྡོམས་རྩིས་བྱེད་འགན་འཁུར་དགོས།

མེ་སྐྱོན་སེལ་རྗེས་མེ་སྐྱོན་བྱུང་བའི་སྡེ་ཚན་དང་འབྲེལ་ཡོད་མི་སྣས་མེ་ཟོན་རོགས་སྐྱོབ་སྒྲིག་གཞིའི་བླང་བྱ་ལྟར་མེ་སྐྱོན་བྱུང་ཡུལ་སྲུང་སྐྱོང་དང་། བྱུར་ཉེས་བརྟག་དཔྱད་དང་ལེན་བྱེད་པ། མེ་སྐྱོན་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཇི་མ་ཇི་བཞིན་འདོན་སྤྲོད་བཅས་བྱ་དགོས།

མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་མེ་སྐྱོན་བྱུང་སར་རྩད་ཞིབ་དང་བརྟག་དཔྱད་བྱས་ཚུལ་དང་། ཞིབ་བཤེར་དང་གསལ་འབྱེད་བྱས་པའི་འབྲེལ་ཡོད་བསམ་འཆར་ལ་གཞིགས་ནས་མེ་སྐྱོན་བྱུར་ཉེས་ཀྱི་ངོས་འཛིན་ཡི་གེ་དུས་ཐོག་ཏུ་བྲིས་ཏེ་མེ་སྐྱོན་བྱུར་ཉེས་ཐག་གཅོད་བྱེད་པའི་དཔང་རྟགས་སུ་བརྩི་རྒྱུ།

 

ལེའུ་ལྔ་པ། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

 

དོན་ཚན་ང་གཉིས་པ། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་མེ་ཟོན་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་མེ་ཟོན་གྱི་བདེ་སྲུང་འགན་འཁྲི་བསྒྲུབས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཁོངས་གཏོགས་དེ་གའི་ཁྱད་ཆོས་ལ་གཞིགས་ཏེ་དམིགས་ས་ཡོད་པའི་སྒོ་ནས་མེ་ཟོན་གྱི་བདེ་སྲུང་ལ་ཞིབ་བཤེར་བྱས་ཏེ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་དགོས།

 

དོན་ཚན་ང་གསུམ་པ། མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་ལས་ཁུངས་དང་། ཚོགས་པ། ཁེ་ལས། བྱ་ལས་སྡེ་ཚན་བཅས་ཀྱིས་མེ་ཟོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱས་ཚུལ་ལ་ཁྲིམས་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས། སྤྱི་བདེ་མངག་གཏོང་ཁང་གིས་ནམ་རྒྱུན་གྱི་མེ་ཟོན་བྱ་བར་ལྟ་སྐུལ་ཞིབ་བཤེར་དང་། མེ་ཟོན་དྲིལ་བསྒྲགས་དང་སློབ་གསོ་གཏོང་འགན་འཁུར་ཆོག་ཅིང་། བྱེད་ཐབས་ཞིབ་ཕྲ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་སྤྱི་བདེ་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།

མེ་ཟོན་རོགས་སྐྱོབ་སྒྲིག་གཞི་དང་སྤྱི་བདེ་མངགས་གཏོང་ཁང་གི་ལས་བྱེད་མི་སྣས་མེ་ཟོན་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་སྐབས་ལག་ཁྱེར་སྟོན་དགོས།

 

དོན་ཚན་ང་བཞི་པ། མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་མེ་ཟོན་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་རིང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མཐོང་ཚེ། འབྲེལ་ཡོད་སྡེ་ཚན་ནམ་མི་སྒེར་ལ་བརྡ་ཐོ་བཏང་ནས་འཕྲལ་མར་བྱེད་ཐབས་སྤྱད་དེ་མངོན་མེད་རྐྱེན་ངན་མེད་པར་བཟོ་དགོས་པ་དང་། དུས་ཐོག་ཏུ་རྐྱེན་ངན་མེད་པར་མ་བཟོས་པར་སྤྱི་པའི་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་བཟོ་ཉེན་ཡོད་ན། མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་གཏན་འབེབས་ལྟར་ཉེན་ཆེའི་གནས་སམ་ཡུལ་ལ་གནས་སྐབས་སྒོ་ཐེལ་རྒྱག་ཐབས་སྤྱོད་དགོས།

 

དོན་ཚན་ང་ལྔ་པ། མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་མེ་ཟོན་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་ཟོན་གྱི་བདེ་སྲུང་བཀོད་པ་དང་། སྤྱི་པའི་མེ་ཟོན་གྱི་སྒྲིག་བཀོད་མེ་ཟོན་གྱི་བདེ་སྲུང་བླང་བྱ་དང་མི་མཐུན་པའམ་ཡང་ན་ས་ཁུལ་དེ་གར་སྤྱི་པའི་བདེ་འཇགས་ལ་ཤུགས་རྐྱེན་གཏོང་བའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཡོད་པ་ཤེས་ཚེ། མཁོ་བསྟུན་དོ་དམ་སྡེ་ཁག་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཡིག་ཐོག་ནས་སྙན་སེང་ཞུ་དགོས།

སྙན་ཞུ་འབྱོར་བའི་མི་དམངས་སྲིད་གཞུང་གིས་གནས་ཚུལ་དུས་ཐོག་ཏུ་བདེན་མིན་ཞིབ་དཔྱད་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གྱིས་བྱེད་ཐབས་སྤྱད་པར་སྒྲིག་འཛུགས་སམ་འགན་དཀྲིས་ནས་དག་ཐེར་དང་ལེགས་བཅོས་བྱེད་དུ་འཇུག་དགོས།

 

དོན་ཚན་ང་དྲུག་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་དང་། མེ་ཟོན་རོགས་སྐྱོབ་སྒྲིག་གཞི། དེ་བཞིན་དེའི་ལས་དོན་མི་སྣས་ཁྲིམས་གཏན་འཁེལ་བའི་འགན་དབང་དང་གོ་རིམ་གཞིར་བཟུང་ནས་མེ་ཟོན་ཇུས་འགོད་ཞིབ་བཤེར་དང་། མེ་ཟོན་ཞིབ་བཤེར་རྩིས་ལེན། ཐོ་འགོད་ཟུར་འཐེན་ཞིབ་བཤེར། མེ་ཟོན་བདེ་འཇགས་ཞིབ་བཤེར་བཅས་བྱས་ཏེ་དྲང་གཞག་དང་། གཟབ་ནན། ཚུལ་ལྡན། ལས་ཕྱོད་ཆེ་བ་བཅས་ཡོང་བར་བྱེད་དགོས།

སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་དང་། མེ་ཟོན་རོགས་སྐྱོབ་སྒྲིག་གཞི། དེ་བཞིན་དེའི་ལས་སྒྲུབ་མི་སྣས་མེ་ཟོན་ཇུས་འགོད་ཞིབ་བཤེར་དང་། མེ་ཟོན་ཞིབ་བཤེར་རྩིས་ལེན། ཐོ་འགོད་ཟུར་འཐེན་ཞིབ་བཤེར། མེ་ཟོན་བདེ་འཇགས་ཞིབ་བཤེར་བཅས་བྱེད་སྐབས། འགྲོ་གྲོན་བསྡུ་ལེན་བྱས་མི་ཆོག་པ་དང་། གོ་གནས་ལ་བརྟེན་ནས་ཁེ་ཕན་དོན་གཉེར་བྱས་མི་ཆོག གོ་གནས་ལ་བརྟེན་ནས་བེད་སྤྱོད་བྱེད་མཁན་དང་འཛུགས་སྐྲུན་སྡེ་ཚན་ལ་མེ་ཟོན་ཐོན་རྫས་ཀྱི་ཚོང་རྟགས་དང་ཕྱིར་འཚོང་སྡེ་ཚན་ནམ་ཡང་ན་མེ་ཟོན་ལག་རྩལ་ཞབས་ཞུའི་སྒྲིག་གཞི་དང་མེ་ཟོན་སྒྲིག་བཀོད་ཨར་ལས་སྡེ་ཚན་དམིགས་འཛུགས་སམ་རྣམ་པ་བསྒྱུར་ནས་དམིགས་འཛུགས་བྱས་མི་ཆོག

 

དོན་ཚན་ང་བདུན་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་དང་། མེ་ཟོན་རོགས་སྐྱོབ་སྒྲིག་གཞི་དང་དེའི་ལས་བྱེད་མི་སྣས་ལས་འགན་སྒྲུབ་སྐབས་རང་རྟོགས་ཀྱིས་སྤྱི་ཚོགས་དང་སྤྱི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས།

སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་དང་། མེ་ཟོན་རོགས་སྐྱོབ་སྒྲིག་གཞི་དང་མེ་ཟོན་རོགས་སྐྱོབ་སྒྲིག་གཞི་དང་དེའི་ལས་བྱེད་མི་སྣས་ཁྲིམས་འཛིན་བྱེད་རིང་ཁྲིམས་འགལ་གྱི་བྱ་སྤྱོད་ཉེས་འདོན་དང་ཞུ་གཏུག་བྱེད་དབང་ཡོད་པ་དང་། ཉེས་འདོན་དང་ཞུ་གཏུག་བྱས་རིགས་འབྱོར་བའི་ལས་ཁུངས་ཀྱིས་འགན་འཁྲི་ལྟར་དུས་ཐོག་ཏུ་རྩད་ཞིབ་ཐག་གཅོད་བྱ་དགོས།

 

ལེའུ་དྲུག་པ། ཁྲིམས་ལུགས་ཀྱི་འགན་འཁྲིའི་སྐོར།

 

དོན་ཚན་ང་བརྒྱད་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་དང་མེ་ཟོན་རོགས་སྐྱོབ་ལས་ཁུངས་ཀྱིས་སོ་སོའི་འགན་དབང་ལྟར་ཨར་ལས་བྱེད་མཚམས་འཇོག་པ་དང་། བེད་སྤྱོད་བྱེད་མཚམས་འཇོག་པའམ་ཐོན་སྐྱེད་དང་ལས་གཉེར་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་སྟེ།

(གཅིག)ཁྲིམས་ལྟར་མེ་ཟོན་ཇུས་འགོད་བྱས་ཚུལ་ལ་ཞིབ་བཤེར་བྱ་དགོས་པའི་འཛུགས་སྐྲུན་ལས་གྲྭར་ཁྲིམས་ལྟར་ཞིབ་བཤེར་མ་བྱས་པའམ་ཞིབ་བཤེར་བྱས་ཀྱང་ཚད་མ་ལོན་པར་རང་མཚམས་ཀྱིས་ལས་འགོ་བཙུགས་པའི་རིགས་དང་།

(གཉིས།)ཁྲིམས་ལྟར་མེ་ཟོན་བྱས་ཚུལ་ཞིབ་བཤེར་རྩིས་ལེན་བྱ་དགོས་པའི་འཛུགས་སྐྲུན་ལས་གྲྭར་མེ་ཟོན་བྱས་ཚུལ་ཞིབ་བཤེར་རྩིས་ལེན་མ་བྱས་པའམ་ཡང་ན་མེ་ཟོན་བྱས་ཚུལ་ཞིབ་བཤེར་རྩིས་ལེན་བྱས་ཀྱང་ཚད་ལ་མ་ལོན་ནའང་རང་མཚམས་ཀྱིས་བེད་སྤྱོད་བྱེད་འགོ་ཚུགས་རིགས།

(གསུམ།)བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པར་གཏན་འབེབས་བྱས་པའི་འཛུགས་སྐྲུན་ལས་གྲྭ་གཞན་དག་ཞིབ་བཤེར་རྩིས་ལེན་བྱས་རྗེས་ཁྲིམས་ལྟར་ཟུར་བཤེར་བྱས་ནས་ཚད་མ་ལོན་ཡང་སྤྱོད་མཚམས་མི་འཇོག་པའི་རིགས།

(བཞི།)མི་ཚོགས་འདུ་འཛོམས་ཡོང་སར་མེ་ཟོན་གྱི་བདེ་སྲུང་བྱེད་ཚུལ་ལ་ཞིབ་བཤེར་མ་བྱས་པའམ་ཞིབ་བཤེར་བྱས་རྗེས་མེ་ཟོན་གྱི་བདེ་སྲུང་བླང་བྱ་དང་མི་མཐུན་པར་རང་མཚམས་ཀྱིས་བཀོལ་སྤྱོད་དང་གཉེར་སྐྱོང་བྱེད་འགོ་ཚུགས་པ་བཅས་ཡིན།

འཛུགས་སྐྲུན་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ཞིབ་བཤེར་རྩིས་ལེན་བྱས་རྗེས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་མ་ཞུས་ན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། སྒོར་སྟོང་ལྔ་མན་གྱི་དངུལ་ཆད་གཅོད་རྒྱུ།

 

དོན་ཚན་ང་དགུ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུའམ་ཨར་ལས་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་མ་ཟད། སྒོར་ཁྲི་གཅིག་ཡན་ནས་འབུམ་གཅིག་མན་ཆད་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་སྟེ།

(གཅིག)འཛུགས་སྐྲུན་སྡེ་ཚན་གྱིས་བཟོ་སྐྲུན་ཇུས་འགོད་སྡེ་ཚན་ནམ་ཡང་ན་བཟོ་སྐྲུན་ཨར་ལས་ཁེ་ལས་ལ་མེ་ཟོན་ལག་རྩལ་གྱི་ཚད་གཞི་དམའ་རུ་བཏང་ནས་ཇུས་འགོད་དང་ཨར་ལས་བྱ་དགོས་པའི་བླང་བྱ་བཏོན་རིགས་དང་།

(གཉིས།)བཟོ་སྐྲུན་ཇུས་འགོད་སྡེ་ཚན་གྱིས་མེ་ཟོན་ལག་རྩལ་གྱི་ཚད་གཞིའི་སྐོར་གྱི་བཙན་ཤེད་རང་བཞིན་གྱི་བླང་བྱ་ལྟར་མེ་ཟོན་ཇུས་འགོད་མ་བྱས་པའི་རིགས།

(གསུམ།)བཟོ་སྐྲུན་ཨར་ལས་ཁེ་ལས་ཀྱིས་མེ་ཟོན་ཇུས་འགོད་ཡིག་ཆ་དང་མེ་ཟོན་ལག་རྩལ་གྱི་ཚད་གཞི་ལྟར་ཨར་ལས་མ་བྱས་པས་མེ་ཟོན་ཨར་ལས་བྱེད་པའི་སྤུས་ཚད་དམའ་རུ་བཏང་རིགས།

(བཞི།)ལས་གྲྭའི་ལྟ་སྐུལ་དོ་དམ་སྡེ་ཚན་དང་འཛུགས་སྐྲུན་སྡེ་ཚན་ནམ་ཡང་ན་བཟོ་སྐྲུན་ཨར་ལས་ཁེ་ལས་བར་ལྐོག་འབྲེལ་བྱས་ཏེ་མི་བདེན་རྫུན་སྒྲིག་བྱས་ཏེ་མེ་ཟོན་ཨར་ལས་བྱེད་པའི་སྤུས་ཚད་དམའ་རུ་བཏང་རིགས་བཅས་ཡིན།

 

དོན་ཚན་དྲུག་ཅུ་པ། སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། དེར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་དངུལ་ཆད་སྒོར་སྟོང་ལྔ་ཡན་ནས་ཁྲི་ལྔ་མན་ཆད་གཅོད་རྒྱུ་སྟེ།

(གཅིག)མེ་ཟོན་གྱི་སྒྲིག་བཀོད་དང་ཡོ་བྱད་དམ་ཡང་ན་མེ་ཟོན་གྱི་བདེ་སྲུང་མཚོན་རྟགས་བཀོད་སྒྲིག་དང་གསར་འཛུགས་བྱས་ཚུལ་རྒྱལ་ཁབ་ཀྱི་ཚད་གཞིའམ་ལས་རིགས་ཀྱི་ཚད་གཞི་དང་མི་མཐུན་པ་དང་། ཡང་ན་སྐྱོན་མེད་གོ་ཆོད་ཡོང་བའི་སྲུང་འཛིན་བྱས་མེད་པའི་རིགས་དང་།

(གཉིས།)མེ་ཟོན་གྱི་སྒྲིག་བཀོད་དང་ཡོ་བྱད་གཏོར་སྐྱོན་བཏང་བ་དང་གཞན་དུ་སྤྱད་པའམ་ཡང་ན་རང་མཚམས་ཀྱིས་བཤིག་པ་དང་སྤྱོད་མཚམས་བཞག་པའི་རིགས།

(གསུམ།)མི་ཁ་འགྲེམ་སའི་བགྲོད་ལམ་དང་ཉེན་མེད་ཐོན་སྒོ་བཟུང་སྤྱོད་དམ་བཀག་པ། སྒོ་ཐེལ་རྒྱག་པའམ་ཡང་ན་མི་ཚོགས་ཉེན་མེད་ཁ་འགྲེམ་བྱེད་པར་འགོག་རྐྱེན་བཟོ་བའི་བྱ་སྤྱོད་གཞན་དག་བྱུང་བ།

(བཞི།)མེ་གསོད་ཆུ་སྒོ་སྦས་གནོན་དང་། མཚམས་བཀོད་བཅད་བཟུང་། གཡོ་འགེབས་བཅས་བྱས་རིགས་སམ་ཡང་ན་མེ་འགོག་ལ་མཁོ་བའི་བར་ཐག་བཟུང་སྤྱོད་བྱས་རིགས།

(ལྔ།)མེ་ཟོན་རླངས་འཁོར་གྱི་བགྲོད་ལམ་བཟུང་སྤྱོད་དམ་བཀག་པ། སྒོ་ཐེལ་རྒྱག་པ་བཅས་བྱས་ནས་མེ་ཟོན་རླངས་འཁོར་ཤར་བགྲོད་ལ་འགོག་རྐྱེན་བཟོས་རིགས།

(དྲུག)མི་ཚོགས་འདུ་འཛོམས་ཡོང་སའི་སྒོ་དང་སྒེའུ་ཁུང་ཐོག་སྲོག་ཉེན་ལས་ཐར་ཐབས་དང་མེ་གསོད་རོགས་སྐྱོབ་བྱེད་པར་གནོད་པའི་བཀག་ཆ་བཀོད་སྒྲིག་བྱས་རིགས།

(བདུན།)མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སེལ་དགོས་པའི་བརྡ་ཐོ་བཏང་ནའང་དུས་ཐོག་ཏུ་བྱེད་ཐབས་སྤྱད་དེ་སེལ་ཐབས་མི་བྱེད་པའི་རིགས་བཅས་སོ།

མི་སྒེར་ལ་གོང་གསལ་ནང་གསེས་དོན་ཚན་གྱི་ཡང་གསེས་དོན་ཚན་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། ཐ་ཚིག་སྒྲོག་རྒྱུའམ་ཡང་ན་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་རྒྱུ།

དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་ཡང་གསེས་དོན་ཚན་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་བྱ་སྤྱོད་ཡོད་ཅིང་། ཡོ་བསྲང་བྱེད་འགན་དཀྲིས་ཀྱང་ཡོ་བསྲང་མ་བྱས་ན། བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་འཇུག་རྒྱུ་དང་། དེར་མཁོ་བའི་འགྲོ་གྲོན་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་གྱིས་གཏོང་འགན་འཁུར་རྒྱུ།

 

དོན་ཚན་རེ་གཅིག་པ། འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། གསོག་ཉར། གཉེར་སྐྱོང་བཅས་བྱེད་ས་དང་སྡོད་ཁང་གནས་ས་བཟོ་བཀོད་གཅིག་གི་ནང་དུ་བཀོད་སྒྲིག་བྱས་པའམ་ཡང་ན་སྡོད་ཁང་གནས་ས་དང་ཉེན་མེད་ཀྱི་བར་ཐག་གནས་མེད་རིགས་ལ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། དངུལ་ཆད་སྒོར་སྟོང་ལྔ་ཡན་ནས་ཁྲི་ལྔ་མན་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

དངོས་རྫས་གཞན་དག་ཐོན་སྐྱེད་དང་། གསོག་ཉར། གཉེར་སྐྱོང་བཅས་བྱེད་ས་དང་སྡོད་ཁང་གནས་ས་བཟོ་བཀོད་གཅིག་གི་ནང་དུ་བཀོད་སྒྲིག་བྱས་ཡོད་ཅིང་། མེ་ཟོན་ལག་རྩལ་གྱི་ཚད་གཞི་དང་མི་མཐུན་པའི་རིགས་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

 

དོན་ཚན་རེ་གཉིས་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་དང་ཆད་གཅོད་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་སྟེ།

(གཅིག)མེ་ཟོན་ལག་རྩལ་གྱི་ཚད་གཞི་དང་དོ་དམ་སྐོར་གྱི་གཏན་འབེབས་དང་འགལ་ནས་འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། གསོག་ཉར། སྐྱེལ་འདྲེན། ཕྱིར་འཚོང་། བེད་སྤྱོད། མེད་པར་བཟོ་བ་བཅས་བྱས་རིགས་དང་།

(གཉིས།)ཁྲིམས་དང་མི་མཐུན་པར་འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་ཁྱེར་ནས་མི་མང་འདུ་སར་བསྐྱོད་པའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་རིགས།

(གསུམ།)མེ་སྐྱོན་ཉེན་བརྡ་རྫུན་སྐྱེལ་བྱས་རིགས།

(བཞི།)མེ་ཟོན་རླངས་འཁོར་དང་མེ་ཟོན་དམག་གྲུ་ཡིས་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོས་རིགས།

(ལྔ།)མེ་ཟོན་རོགས་སྐྱོབ་སྒྲིག་གཞིའི་ལས་སྒྲུབ་མི་སྣས་ཁྲིམས་ལྟར་འཁུར་འཁྲིའི་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོས་རིགས་བཅས་སོ།

 

དོན་ཚན་རེ་གསུམ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཐ་ཚིག་སྒྲོག་རྒྱུའམ་ཡང་ན་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་མན་བཀག་ཉར་བྱ་རྒྱུ་སྟེ།

(གཅིག)མེ་ཟོན་གྱི་བདེ་སྲུང་སྐོར་གྱི་གཏན་འབེབས་དང་འགལ་ཏེ་འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་གསོག་ཉར་བྱེད་སར་འཛུལ་བའི་རིགས་དང་།

(གཉིས།)གཏན་འབེབས་དང་འགལ་ཏེ་མེ་སྤར་ནས་ལས་ཀ་བྱེད་པའམ་མེ་སྐྱོན་དང་འབར་གས་ཀྱི་ཉེན་ཁ་ཡོད་སར་ཐ་མག་འཐེན་པ་དང་མེ་བེད་སྤྱོད་བྱེད་རིགས་བཅས་ཡིན།

 

དོན་ཚན་རེ་བཞི་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཀྱང་བྱས་ཉེས་སུ་གྲུབ་མེད་ན། ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་། སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཉེས་ཚབས་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་རྒྱུའམ་ཡང་ན་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་རྒྱུ་སྟེ།

(གཅིག)སྐྱེ་བོ་གཞན་ལ་ངན་སྐུལ་ལམ་བཙན་བཀའ་ཕབ་སྟེ་མེ་ཟོན་གྱི་བདེ་སྲུང་སྐོར་གྱི་གཏན་འབེབས་དང་འགལ་ཏེ་ཉེན་མཆོང་གིས་ལས་སྒྲུབ་བྱེད་དུ་བཅུག་རིགས་དང་།

(གཉིས།)ལས་འཛོལ་གྱི་རྐྱེན་ལས་མེ་སྐྱོན་བྱུང་རིགས།

(གསུམ།)མེ་སྐྱོན་བྱུང་རྗེས་ཉེན་བརྡ་སྐྱེལ་བར་བཀག་འགོག་བྱས་པའམ་སྙན་ཞུའི་འགན་འཁྲི་ཡོད་པའི་མི་སྣས་དུས་ཐོག་ཏུ་ཉེན་བརྡ་མ་བསྐྱལ་བའི་རིགས།

(བཞི།)མེ་སྐྱོན་ཤོར་སའི་སྒྲིག་ལམ་དཀྲུག་པའམ་ཡང་ན་མེ་སྐྱོན་ཤོར་སའི་བཀོད་འདོམས་པས་བཀོད་འདོམས་བྱ་རྒྱུ་ལག་ལེན་གཏན་ནས་མ་བསྟར་བར་མེ་གསོད་རོགས་སྐྱོབ་བྱ་རྒྱུར་གནོད་པ་བྱས་རིགས།

(ལྔ།)མེ་སྐྱོན་ཤོར་སར་རྐང་བཙུགས་ནས་གཏོར་བརླག་བཏང་བའམ་ཡང་ན་རྫུན་བཟོ་བྱས་རིགས།

(དྲུག)མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་སྒོ་རྒྱ་ཐེལ་གནོན་བྱས་པའི་ཡུལ་ལམ་གནས་སར་རང་མཚམས་ཀྱིས་བཤིག་པའམ་བེད་སྤྱོད་བྱས་རིགས་བཅས་ཡིན།

 

དོན་ཚན་རེ་ལྔ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་ཚད་མ་ལོན་པའི་མེ་ཟོན་གྱི་ཐོན་རྫས་སམ་རྒྱལ་ཁབ་ཀྱིས་དོར་རྒྱུའི་བཀའ་ཁྱབ་གསལ་པོ་བསྒྲགས་པའི་མེ་ཟོན་གྱི་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་རིགས་ལ་ཐོན་རྫས་སྤུས་ཚད་ལྟ་སྐུལ་སྡེ་ཁག་གམ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་ཀྱི་བཅའ་ཁྲིམས་ནང་འཁོད་གཏན་འབེབས་ལྟར་ཉེས་ཆད་ལྕི་བར་གཅོད་རྒྱུ།

མི་ཚོགས་འདུ་འཛོམས་ཡོང་སར་ཚད་མ་ལོན་པའི་མེ་ཟོན་གྱི་ཐོན་རྫས་སམ་རྒྱལ་ཁབ་ཀྱིས་དོར་རྒྱུའི་བཀའ་ཁྱབ་གསལ་པོ་བསྒྲགས་པའི་མེ་ཟོན་གྱི་ཐོན་རྫས་བེད་སྤྱོད་བྱས་ན། དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན། དངུལ་ཆད་སྒོར་སྟོང་ལྔ་ཡན་ནས་ཁྲི་ལྔ་མན་ཆད་གཅོད་རྒྱུ་མ་ཟད། དེའི་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་བའི་མི་གཞན་དག་ལ་སྒོར་ལྔ་བརྒྱ་ཡན་ནས་སྟོང་གཉིས་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ།

མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་དོན་ཚན་འདིའི་ནང་གསེས་དོན་ཚན་གཉིས་པའི་ནང་གཏན་འབེབས་བྱས་པའི་གནས་ཚུལ་ལ་ཁྲིམས་ལྟར་བེད་སྤྱོད་བྱེད་མཁན་ལ་ཆད་པ་གཅོད་རྒྱུ་ཕུད། ཚད་ལོན་མེད་པའི་མེ་ཟོན་གྱི་ཐོན་རྫས་དང་རྒྱལ་ཁབ་ཀྱིས་དོར་རྒྱུའི་བཀའ་ཁྱབ་གསལ་པོ་བསྒྲགས་པའི་མེ་ཟོན་གྱི་ཐོན་རྫས་ཤེས་རྟོགས་བྱུང་ཚུལ་དེ་ཐོན་རྫས་སྤུས་ཚད་ལྟ་སྐུལ་སྡེ་ཁག་དང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་ལ་བརྡ་ཁྱབ་གཏོང་དགོས་པ་དང་། ཐོན་རྫས་སྤུས་ཚད་ལྟ་སྐུལ་སྡེ་ཁག་དང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཐོན་སྐྱེད་བྱེད་མཁན་དང་ཕྱིར་འཚོང་བྱེད་མཁན་ལ་ཁྲིམས་ལྟར་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱ་དགོས།

 

དོན་ཚན་རེ་དྲུག་པ། གློག་ཆས་ཐོན་རྫས་དང་རླངས་འབར་ཡོ་བྱད་སྒྲིག་སྦྱོར་དང་བེད་སྤྱོད། དེ་བཞིན་དེའི་སྐུད་ལམ་དང་སྦུག་ལམ་ཇུས་འགོད་དང་། འདིང་བ། སྲུང་སྐྱོང་བདག་གཅེས་བྱེད་པ། ཞིབ་དཔྱད་ཚད་ལེན་བཅས་བྱས་ཚུལ་མེ་ཟོན་ལག་རྩལ་གྱི་ཚད་གཞི་དང་དོ་དམ་སྐོར་གྱི་གཏན་འབེབས་དང་མི་མཐུན་པའི་རིགས་ལ་དུས་བཀག་ལྟར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན་བེད་སྤྱོད་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། སྒོར་ཆིག་སྟོང་ཡན་ནས་སྟོང་ལྔ་མན་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག

 

དོན་ཚན་རེ་བདུན་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས། བྱ་ལས་བཅས་ཀྱི་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་བཅུ་དྲུག་པ་དང་། བཅུ་བདུན་པ། བཅོ་བརྒྱད་པ། ཉེར་གཅིག་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་ན། དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན། དེའི་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་བའི་མི་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུའམ་ཐ་ཚིག་བསྒྲག་རྒྱུ།

 

དོན་ཚན་རེ་བརྒྱད་པ། མི་ཚོགས་འདུ་འཛོམས་ཡོང་སར་མེ་སྐྱོན་བྱུང་ཚེ། ས་ཆ་དེ་གའི་ལས་སྒྲུབ་མི་སྣས་དེ་གར་ཡོད་པའི་མི་སྣ་ཁ་འགྲེམ་བྱ་རྒྱུའི་སྒྲིག་འཛུགས་དང་ཁྲིད་སྟོན་བྱེད་པའི་འོས་འགན་མ་བསྒྲུབས་པར་ཉེས་ཚབས་ཆེ་ཞིང་། ཉེས་ཚད་ལོན་མེད་ན། ཉིན་ལྔ་ཡན་ནས་ཉིན་བཅུ་མན་བཀག་ཉར་བྱ་རྒྱུ།

 

དོན་ཚན་རེ་དགུ་པ། མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་བདེན་དཔུང་ར་སྤྲོད་དང་། མེ་ཟོན་གྱི་སྒྲིག་བཀོད་ཞིབ་དཔྱད་ཚད་ལེན་སོགས་མེ་ཟོན་གྱི་ལག་རྩལ་ཞབས་ཞུ་ལས་ཁུངས་ཀྱིས་ཡིག་ཆ་རྫུན་མ་བྲིས་རིགས་ལ། དེར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། དངུལ་ཆད་སྒོར་ཁྲི་ལྔ་ཡན་ནས་འབུམ་གཅིག་མན་ཆད་གཅོད་རྒྱུ་མ་ཟད། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་བའི་མི་གཞན་དག་ལ་སྒོར་ཁྲི་གཅིག་ཡན་ནས་ཁྲི་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་རིགས་ལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་ཆབས་སྦྲགས་སུ་གཏོང་རྒྱུ། མི་གཞན་ལ་གྱོང་གུན་བཟོས་རིགས་ལ་ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཐོག་མའི་འཁྲོལ་འཛིན་སྤྲོད་མཁན་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་གཉེར་བྱེད་མཚམས་འཇོག་ཏུ་འཇུག་རྒྱུའམ་ཡང་ན་བབ་མཚུངས་ཀྱི་ཐོབ་ཐང་ཕྱིར་བསྡུ་རྒྱུ།

གོང་གསལ་ནང་གསེས་དོན་ཚན་ནང་གཏན་འབེབས་བྱས་པའི་ལས་ཁུངས་ཀྱིས་དོན་དངོས་དང་མི་མཐུན་པའི་ཡིག་ཆ་བཏོན་ནས་མི་གཞན་ལ་གྱོང་གུན་བཟོས་རིགས་ལ་ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་རྒྱུ་དང་། གྱོང་གུན་ཚབས་ཆེན་བཟོས་ན། དེ་སྔའི་འཁྲོལ་འཛིན་སྤྲོད་མཁན་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་གཉེར་བྱེད་མཚམས་འཇོག་ཏུ་འཇུག་རྒྱུའམ་ཡང་ན་བབ་མཚུངས་ཀྱི་ཐོབ་ཐང་ཕྱིར་བསྡུ་རྒྱུ།

 

དོན་ཚན་བདུན་ཅུ་པ། བཅའ་ཁྲིམས་འདིའི་ནང་གཏན་འབེབས་བྱས་པའི་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དེ་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་དང་ཆད་གཅོད་སྐོར་གྱི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱ་དགོས་པ་ཕུད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་དང་མེ་ཟོན་རོགས་སྐྱོབ་ལས་ཁུངས་ཀྱིས་སོ་སོའི་འགན་དབང་ལྟར་ཐག་གཅོད་བྱ་རྒྱུ།

ཨར་ལས་བྱེད་མཚམས་འཇོག་པ་དང་། བེད་སྤྱོད་བྱེད་མཚམས་འཇོག་པ། ཐོན་སྐྱེད་དང་ལས་གཉེར་བྱེད་མཚམས་འཇོག་ཏུ་འཇུག་དགོས་བྱུང་རིགས་ལ་དག་ཐེར་ལེགས་བཅོས་བྱས་རྗེས་ཐག་གཅོད་བྱེད་མཁན་སྡེ་ཁག་གམ་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་དང་། ཞིབ་བཤེར་བྱས་ནས་ཚད་ལོན་རྗེས་གཞི་ནས་ཨར་ལས་དང་། བེད་སྤྱོད། ཐོན་སྐྱེད། གཉེར་སྐྱོང་བཅས་སླར་གསོ་བྱས་ཆོག

དོ་བདག་གིས་དུས་བཀག་ནང་ཐོན་སྐྱེད་དང་ལས་གཉེར་བྱེད་མཚམས་དང་། བེད་སྤྱོད་བྱེད་མཚམས། ཨར་ལས་བྱེད་མཚམས་འཇོག་པ་བཅས་ཀྱི་ཆོད་དོན་ལག་བསྟར་མ་བྱས་ན། ཐག་གཅོད་བྱེད་མཁན་སྡེ་ཁག་གམ་ལས་ཁུངས་ཀྱིས་བཙན་ཐབས་ཀྱིས་ལག་བསྟར་བྱེད་དུ་འཇུག་རྒྱུ།

ཐོན་སྐྱེད་དང་ལས་གཉེར་བྱེད་མཚམས་འཇོག་ཏུ་བཅུག་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེ་ཙམ་བཟོ་སྲིད་ན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་མཁོ་བསྟུན་དོ་དམ་སྡེ་ཁག་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཁྲིམས་ལྟར་ཆོད་དོན་འཇོག་རོགས་ཞུ་དགོས།

 

དོན་ཚན་དོན་གཅིག་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་དང་མེ་ཟོན་རོགས་སྐྱོབ་སྒྲིག་གཞི་བཅས་ཀྱི་ལས་སྒྲུབ་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ནས་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཀྱང་བྱས་ཉེས་སུ་གྲུབ་མེད་ན། ཁྲིམས་ལྟར་ཆད་པ་གཅོད་རྒྱུ་སྟེ།

(གཅིག)མེ་ཟོན་གྱི་བདེ་སྲུང་བླང་བྱ་དང་མི་མཐུན་པའི་མེ་ཟོན་གྱི་ཇུས་འགོད་ཡིག་ཆ་དང་། འཛུགས་སྐྲུན་ལས་གྲྭ། ལས་ཡུལ་བཅས་ལ་ཞིབ་བཤེར་ཚད་ལོན་དང་། མེ་ཟོན་བྱས་ཚུལ་ཞིབ་བཤེར་རྩིས་ལེན་ཚད་ལོན། མེ་ཟོན་གྱི་བདེ་སྲུང་ཞིབ་བཤེར་ཚད་ལོན་བཅས་ཀྱི་ཆོག་མཆན་བཀོད་རིགས་དང་།

(གཉིས།)མེ་ཟོན་ཇུས་འགོད་བྱས་ཚུལ་ལ་ཞིབ་བཤེར་དང་། མེ་ཟོན་བྱས་ཚུལ་ལ་ཞིབ་བཤེར་རྩིས་ལེན་བྱེད་པ། མེ་ཟོན་གྱི་བདེ་སྲུང་བྱེད་ཚུལ་ལ་ཞིབ་བཤེར་བཅས་བྱ་རྒྱུ་རྒྱུ་མཚན་མེད་པར་ནར་འགྱངས་བྱས་ཏེ་ཁྲིམས་བཀོད་དུས་བཀག་ནང་འགན་འཁྲི་མི་བསྒྲུབས་པའི་རིགས།

(གསུམ།)མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡོད་པ་ཤེས་ཀྱང་འབྲེལ་ཡོད་སྡེ་ཚན་ནམ་ཡང་ན་མི་སྒེར་ལ་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་མི་གཏོང་བའི་རིགས།

(བཞི།)གོ་གནས་ལ་བརྟེན་ནས་བེད་སྤྱོད་བྱེད་མཁན་དང་འཛུགས་སྐྲུན་སྡེ་ཚན་ལ་མེ་ཟོན་ཐོན་རྫས་ཀྱི་ཚོང་རྟགས་དང་ཕྱིར་འཚོང་སྡེ་ཚན་ནམ་མེ་ཟོན་ལག་རྩལ་ཞབས་ཞུའི་སྒྲིག་གཞི་དང་མེ་ཟོན་སྒྲིག་བཀོད་ཨར་ལས་སྡེ་ཚན་དམིགས་འཛུགས་བྱས་པའམ་རྣམ་པ་བསྒྱུར་ནས་དམིགས་འཛུགས་བྱས་རིགས།

(ལྔ།)མེ་ཟོན་རླངས་འཁོར་དང་མེ་ཟོན་དམག་གྲུ། དེ་བཞིན་མེ་ཟོན་ཡོ་བྱད་དང་གོ་ལག སྒྲིག་བཀོད་བཅས་མེ་ཟོན་དང་མཁོ་བསྟུན་རོགས་སྐྱོབ་དང་འབྲེལ་བ་མེད་པའི་དོན་དག་ཐད་སྤྱད་རིགས།

(དྲུག)འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་པའི་བྱ་སྤྱོད་གཞན་དག་བཅས་ཡིན།

ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་དང་། བཟོ་ཚོང་སྲིད་འཛིན་དོ་དམ་སོགས་འབྲེལ་ཡོད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གཞན་དག་གི་ལས་བྱེད་མི་སྣས་མེ་ཟོན་གྱི་ལས་ཀ་སྒྲུབ་རིང་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཀྱང་བྱས་ཉེས་སུ་གྲུབ་མེད་རིགས་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

 

དོན་ཚན་དོན་གཉིས་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

 

ལེའུ་བདུན་པ། ཞར་བྱུང་དོན་ཚན།

 

དོན་ཚན་དོན་གསུམ་པ། བཅའ་ཁྲིམས་འདིའི་གཤམ་གསལ་ཐ་སྙད་ཀྱི་གོ་དོན་ནི།

(གཅིག)མེ་ཟོན་གྱི་སྒྲིག་བཀོད་ཅེས་པ་ནི་མེ་སྐྱོན་རང་འགུལ་ཉེན་བརྡ་གཏོང་བའི་མ་ལག་དང་། རང་འགུལ་མེ་གསོད་མ་ལག མེ་གསོད་ཆུ་སྒོ་མ་ལག དུ་བ་འགོག་སེལ་མ་ལག་བཅས་དང་དེ་བཞིན་མཁོ་བསྟུན་རྒྱང་བསྒྲགས་དང་། མཁོ་བསྟུན་སྒྲོན་མེ། ཉེན་མེད་ཁ་འགྲེམ་སྒྲིག་བཀོད་སོགས་ལ་ཟེར།

(གཉིས།)མེ་ཟོན་གྱི་ཐོན་རྫས་ཞེས་པ་ནི་མེ་སྐྱོན་སྔོན་འགོག་དང་། མེ་གསོད་རོགས་སྐྱོབ། མེ་སྐྱོན་འགོག་སྲུང་། ཉེན་གཡོལ་དང་སྲོག་ཉེན་ལས་ཐར་ཐབས་བཅས་ལ་ཆེད་དུ་སྤྱོད་པའི་ཐོན་རྫས་ལ་ཟེར།

(གསུམ།)མི་ཚོགས་འདུ་འཛོམས་ཡོང་ས་ཞེས་པ་ནི་མགྲོན་ཁང་དང་། གསོལ་ཚིགས་ཁང་། ཚོང་ར། ཚོང་འདུས་ཚོང་ར། འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས། འགྲུལ་སྐྱེལ་གྲུ་ཁའི་གྲུ་སྒུག་ཁང་། དམངས་སྤྱོད་གནམ་གྲུ་ཐང་གི་གནམ་གྲུ་སྒུག་སའི་ཐོག་ཁང་། ལུས་རྩལ་ཁང་། ཚོགས་ཁང་། དེ་བཞིན་སྤྱི་པའི་རོལ་རྩེད་བྱེད་གནས་སོགས་ལ་ཟེར།

(བཞི།)མི་མང་འདུས་ས་ཞེས་པ་ནི་མི་ཚོགས་འདུ་ས་དང་། སྨན་ཁང་གི་སྒོ་བསྟེན་སྨན་བཅོས་ཐོག་ཁང་དང་ནད་ཁང་ཐོག་ཁང་། སློབ་གྲྭའི་སློབ་ཁྲིད་ཐོག་ཁང་། དཔེ་མཛོད་ཁང་། ཟ་ཁང་། ཐུན་མོང་གི་ཉལ་ཁང་། རྒན་གསོ་ཁང་། ཕན་བདེ་ཁང་། བུ་བཅོལ་ཁང་། བྱིས་གསོ་ཁང་། སྤྱི་པའི་དཔེ་མཛོད་ཁང་གི་དཔེ་གཟིགས་ཁང་། སྤྱི་པའི་འགྲེམས་སྟོན་ཁང་། དངོས་མང་བཤམས་སྟོན་ཁང་གི་འགྲེམས་སྟོན་ཚོམས་ཆེན། ངལ་རྩོལ་འདུས་ཚད་ཆེ་བའི་ཁེ་ལས་ཀྱི་ཐོན་སྐྱེད་ལས་སྣོན་འཁོར་ཁང་དང་ལས་བཟོ་པའི་ཐུན་མོང་གི་ཉལ་ཁང་། ཡུལ་སྐོར་སྤྲོ་གསེང་དང་ཆོས་ལུགས་བྱེད་སྒོ་སྤེལ་ས་སོགས་ལ་ཟེར།

 

དོན་ཚན་དོན་བཞི་པ། བཅའ་ཁྲིམས་འདི་2009ལོའི་ཟླ་5ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ།


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号