༄༅། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧབ་འཚོང་བཅའ་ཁྲིམས།

ཐོ་འགོད་དུས་ཚོད།:2020-12-02  

༄༅། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧབ་འཚོང་བཅའ་ཁྲིམས།

(2004ལོར་བཟོ་བཅོས་བྱས། )

ཁོངས་གཏོགས་རིམ་པའི་རིགས།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་མཛོད།

རིགས་དབྱེ།ཧབ་འཚོང།

རང་ཁོངས་ས་ཁུལ།

ཁྱབ་བསྒྲགས་སྡེ་ཁགརྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

ཁྱབ་བསྒྲགས་ཡིག་ཨང་།

ཁྱབ་བསྒྲགས་བྱས་པའི་དུས་ཚོད།2004-08-28

ནུས་ཐོན་གྱི་ཚེས་གྲངས།1997-01-01

ནུས་པ་ཉམས་པའི་ཚེས་གྲངས།

ཕན་ནུས་ཀྱི་གནས་ཚུལ།བཟོ་བཅོས་བརྒྱབ་པ།

(1996ལོའི་ཟླ་7ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པའི་ཐོག་གྲོས་འཆམ་བྱུང་ཞིང་། 2004ལོའི་ཟླ་8ཚེས་28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་བཞག་པའི་《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧབ་འཚོང་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་གཞིར་བཟུང་ནས་བཟོ་བཅོས་བྱས། )

བཅའ་ཁྲིམས་འདིའི་འཕོ་འགྱུར་ལོ་རྒྱུས།

གཅིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧབ་འཚོང་བཅའ་ཁྲིམས། (1996ལོའི་ཟླ་7ཚེས་5ཉིན་ཁྱབ་བསྒྲགས་བྱས་པ་དང་། 1997ལོའི་ཟླ་1ཚེས་1ཉིན་ལག་བསྟར་བྱས། )

གཉིས། ཁྲིམས་སྲོལ་འདི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧབ་འཚོང་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་(2004ལོའི་ཟླ་8ཚེས་28ཉིན་ཁྱབ་བསྒྲགས་བྱས་པ་དང་2004ལོའི་ཟླ་8ཚེས་28ཉིན་ལག་བསྟར་བྱས། ) ལྟར་བཟོ་བཅོས་བྱས།  

 

དཀར་ཆག

ལེའུ་དང་པོ། སྤྱིའི་དོན་ཚན།

ལེའུ་གཉིས་པ། ཧབ་འཚོང་གི་དམིགས་བྱའི་སྐོར།

ལེའུ་གསུམ་པ། ཧབ་འཚོང་གི་དོ་བདག

ས་བཅད་དང་པོ། ཧབ་འཚོང་བྱེད་མཁན།

ས་བཅད་གཉིས་པ། མངགས་བཅོལ་བྱེད་མཁན།

ས་བཅད་གསུམ་པ། འགྲན་ཉོ་བྱེད་མཁན།

ས་བཅད་བཞི་པ། མཁོ་ཉོ་ཐུབ་མཁན།

ལེའུ་བཞི་པ། ཧབ་འཚོང་གི་གོ་རིམ་གྱི་སྐོར།

ས་བཅད་དང་པོ། ཧབ་འཚོང་མངགས་བཅོལ་བྱེད་ཕྱོགས།

ས་བཅད་གཉིས་པ། ཧབ་འཚོང་གི་སྤྱི་བསྒྲགས་དང་འགྲེམས་སྟོན།

ས་བཅད་གསུམ་པ། ཧབ་འཚོང་ལག་བསྟར་བྱེད་ལུགས།

ས་བཅད་བཞི་པ། བར་དངུལ།

ལེའུ་ལྔ་པ། ཁྲིམས་ལུགས་ཀྱི་འགན་འཁྲིའི་སྐོར།

ལེའུ་དྲུག་པ། ཞར་བྱུང་དོན་ཚན།

 

ལེའུ་དང་པོ། སྤྱིའི་དོན་ཚན།

 

དོན་ཚན་དང་པོ། ཧབ་འཚོང་བྱེད་ལུགས་ཚད་ལྡན་དུ་བསྒྱུར་བ་དང་། ཧབ་འཚོང་གི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། ཧབ་འཚོང་གི་ལས་སྒོའི་ཕྱོགས་སོ་སོའི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་ཆེད་བཅའ་ཁྲིམས་འདི་བཟོས་པ་ཡིན།

 

དོན་ཚན་གཉིས་པ། བཅའ་ཁྲིམས་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཧབ་འཚོང་ཁེ་ལས་ཀྱིས་སྤེལ་བའི་ཧབ་འཚོང་ལས་སྒོར་སྤྱད་འཐུས།

 

དོན་ཚན་གསུམ་པ། ཧབ་འཚོང་ཞེས་པ་ནི་ཡོངས་གྲགས་སུ་རིན་གོང་འགྲན་རྩོད་བྱེད་པའི་རྣམ་པའི་ཐོག་ནས་དམིགས་འཛུགས་དངོས་རྫས་སམ་ཡང་ན་རྒྱུ་ནོར་གྱི་བདག་དབང་དེ་རིན་གོང་མཐོ་ཤོས་ལེན་མཁན་ལ་བཤུག་སྤྲོད་བྱེད་པའི་ཉོ་ཚོང་བྱེད་སྟངས་ལ་ཟེར།

 

དོན་ཚན་བཞི་པ། ཧབ་འཚོང་ལས་སྒོ་སྤེལ་སྐབས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དང་། ཡོངས་བསྒྲགས་དང་། དྲང་སྙོམས། དྲང་གཞག ཁ་བཤད་དོན་ལ་གནས་པ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས།

 

དོན་ཚན་ལྔ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཧབ་འཚོང་གི་ལས་རིགས་དོ་དམ་བྱེད་འགན་འཁུར་བའི་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཧབ་འཚོང་ལས་རིགས་ལ་ལྟ་སྐུལ་དང་དོ་དམ་བྱ་རྒྱུ།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་དང་ཆུས་བཙུགས་པའི་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་ཁོངས་ཧབ་འཚོང་གི་ལས་རིགས་ལ་དོ་དམ་བྱེད་འགན་འཁུར་བའི་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཧབ་འཚོང་ལས་རིགས་ལ་ལྟ་སྐུལ་དང་དོ་དམ་བྱ་རྒྱུ།

ས་གནས་སྲིད་གཞུང་གི་སྒྲིག་སྲོལ་(གཉིས་)བ།

 

ལེའུ་གཉིས་པ། ཧབ་འཚོང་གི་དམིགས་བྱའི་སྐོར།

 

དོན་ཚན་དྲུག་པ། ཧབ་འཚོང་གི་དམིགས་བྱ་ནི་མངགས་བཅོལ་བྱེད་མཁན་ལ་དབང་བའམ་བཅའ་ཁྲིམས་ལྟར་ཐག་གཅོད་བྱས་ཆོག་པའི་ཅ་དངོས་སམ་རྒྱུ་ནོར་གྱི་བདག་དབང་ཡིན་དགོས།

 

དོན་ཚན་བདུན་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་འཁོད་ཉོ་ཚོང་བྱས་མི་ཆོག་པའི་ཅ་དངོས་སམ་རྒྱུ་ནོར་གྱི་བདག་དབང་རྣམས་ཧབ་འཚོང་གི་དམིགས་བྱར་བྱས་མི་ཆོག

 

དོན་ཚན་བརྒྱད་པ། བཅའ་ཁྲིམས་ལྟར་རམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་ཞིབ་བཤེར་ཆོག་མཆན་བགོས་རྗེས་ད་གཟོད་བཤུག་སྤྲོད་བྱས་ཆོག་པའི་ཅ་དངོས་སམ་རྒྱུ་ནོར་གྱི་བདག་དབང་དེ་ཧབ་འཚོང་མ་བྱས་གོང་བཅའ་ཁྲིམས་ལྟར་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་འགྲིམ་དགོས།

ཧབ་འཚོང་བྱེད་པར་མངགས་པའི་རིག་གནས་ཤུལ་དངོས་དེ་ཧབ་འཚོང་མ་བྱས་གོང་ཧབ་འཚོང་བྱེད་མཁན་གནས་སའི་རིག་གནས་ཤུལ་དངོས་སྲིད་འཛིན་དོ་དམ་སྡེ་ཁག་གིས་བཅའ་ཁྲིམས་ལྟར་གསལ་འབྱེད་དང་ཆོག་འཐུས་འཐོབ་དགོས།

 

དོན་ཚན་དགུ་པ། རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་གཞུང་བཞེས་བཏང་བའི་དངོས་རྫས་དང་། ཁྲལ་དངུལ་དང་དངུལ་ཆད་ཀྱི་ཚབ་ཏུ་བླངས་པའི་དངོས་རྫས། དངོས་རྫས་གཞན་དག་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་ཧབ་འཚོང་བྱེད་པར་མངགས་བཅོལ་བྱ་དགོས་རིགས། རྒྱུ་ནོར་གནས་སའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་དང་ཆུས་བཙུགས་པའི་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་ཧབ་འཚོང་བྱེད་མཁན་གྱིས་ཧབ་འཚོང་བྱ་རྒྱུ། མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ལྟར་གཞུང་བཞེས་བཏང་བའི་དངོས་རྫས་དང་། ཉེས་དངུལ་དང་དངུལ་ཆད་ཀྱི་ཚབ་ཏུ་བླངས་པའི་དངོས་རྫས། ཕྱིར་སློག་ཐབས་མེད་པའི་འདེད་ལེན་དངོས་རྫས་བཅས་ཧབ་འཚོང་རྒྱག་པར་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་སྤྱད་འཐུས།

ས་གནས་སྲིད་གཞུང་གི་སྒྲིག་སྲོལ་(བཞི་)བ།

 

ལེའུ་གསུམ་པ། ཧབ་འཚོང་གི་དོ་བདག

 

ས་བཅད་དང་པོ། ཧབ་འཚོང་བྱེད་མཁན།

 

དོན་ཚན་བཅུ་པ། ཧབ་འཚོང་བྱེད་མཁན་ཞེས་པ་ནི་བཅའ་ཁྲིམས་འདི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་སིའི་བཅའ་ཁྲིམས་ལྟར་བཙུགས་པའི་ཧབ་འཚོང་གི་བྱེད་སྒོ་སྤེལ་བའི་ཁེ་ལས་ཀྱི་ཁྲིམས་ཚན་ལ་ཟེར།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་ (དང་)པོ།

 

དོན་ཚན་བཅུ་གཅིག་པ། ཧབ་འཚོང་ཁེ་ལས་ནི་ཆུས་བཙུགས་པའི་གྲོང་ཁྱེར་དུ་བཙུགས་ཆོག་པ་དང་། ཧབ་འཚོང་ཁེ་ལས་འཛུགས་པར་ངེས་པར་དུ་དེ་གནས་སའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་ཧབ་འཚོང་ལས་རིགས་ལ་དོ་དམ་བྱེད་འགན་འཁུར་བའི་སྡེ་ཁག་ནས་ཞིབ་བཤེར་ཆོག་མཆན་ཞུ་དགོས་པ་མ་ཟད། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུས་ནས་ལས་གཉེར་བྱས་འཐུས་ལག་ཁྱེར་ལེན་དགོས།

ས་གནས་སྲིད་གཞུང་གི་སྒྲིག་སྲོལ་ (དང་)པོ།

 

དོན་ཚན་བཅུ་གཉིས་པ། ཧབ་འཚོང་ཁེ་ལས་འཛུགས་པར་གཤམ་གསལ་གྱི་ཆ་རྐྱེན་དག་འཛོམས་དགོས་པ་སྟེ།

(གཅིག)མི་དམངས་ཤོག་སྒོར་ས་ཡ་གཅིག་ཡན་གྱི་ཐོ་འགོད་མ་རྩ་ཡོད་པ་དང་།

(གཉིས།)རང་ཉིད་ཀྱི་མིང་དང་། རྩ་འཛུགས་ལས་ཁུངས། སྡོད་གནས། སྒྲིག་ཡིག་བཅས་ཡོད་པ།

(གསུམ།)ཧབ་འཚོང་གི་ལས་སྒོ་གཉེར་བ་དང་འཚམ་པའི་ཧབ་འཚོང་དཔོན་དང་ལས་བྱེད་མི་སྣ་གཞན་དག་ཡོད་དགོས་པ།

(བཞི།)བཅའ་ཁྲིམས་འདི་དང་འབྲེལ་ཡོད་བཅའ་ཁྲིམས་གཞན་དག་གི་གཏན་འབེབས་དང་མཐུན་པའི་ཧབ་འཚོང་ལས་སྒོའི་སྒྲིག་སྲོལ་ཡོད་དགོས་པ།

(ལྔ།)རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧབ་འཚོང་ལས་རིགས་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་གཏན་འབེབས་དང་མཐུན་པ།

(དྲུག)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ཆ་རྐྱེན་གཞན་དག་བཅས་ཡིན།

ས་གནས་སྲིད་གཞུང་གི་སྒྲིག་སྲོལ་(དང་)པོ།

 

དོན་ཚན་བཅུ་གསུམ་པ། ཧབ་འཚོང་ཁེ་ལས་ཀྱིས་རིག་གནས་ཤུལ་དངོས་ཧབ་འཚོང་བྱེད་པའི་ལས་སྒོ་གཉེར་བར་ཐོ་འགོད་མ་རྩ་མི་དམངས་ཤོག་སྒོར་བྱེ་བ་གཅིག་ཡན་ཡོད་དགོས་པ་དང་། རིག་གནས་ཤུལ་དངོས་ཧབ་འཚོང་བྱེད་པའི་ཆེད་ལས་ཤེས་བྱ་ལྡན་པའི་མི་སྣ་ཡོད་དགོས།

 

དོན་ཚན་བཅུ་བཞི་པ། ཧབ་འཚོང་བྱེད་པའི་ལས་སྒོ་ནི་ཧབ་འཚོང་དཔོན་གྱིས་གཙོ་སྐྱོང་བྱ་དགོས།

 

དོན་ཚན་བཅོ་ལྔ་པ། ཧབ་འཚོང་དཔོན་ལ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།

(གཅིག)མཐོ་རིམ་སློབ་གྲྭའི་ཆེད་སྦྱོང་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་དང་ཧབ་འཚོང་གི་ཆེད་ལས་ཤེས་བྱ་ལྡན་པ་དང་།

(གཉིས།)ཧབ་འཚོང་ཁེ་ལས་སུ་ལས་ཀ་ལོ་གཉིས་ཡན་བྱེད་མྱོང་བ།

(གསུམ།)སྤྱོད་ལམ་བཟང་བ་བཅས་ཡིན།

གཞུང་གི་ལས་གནས་ནས་ཕྱིར་ཕུད་པའམ་ཧབ་འཚོང་དཔོན་གྱི་འོས་བབ་ལག་ཁྱེར་ཕྱིར་བསྡུས་ནས་ལོ་ལྔ་མ་ལོན་པ། ཡང་ན་ཤེས་བཞིན་དུ་བྱས་ཉེས་བསགས་པའི་རྐྱེན་གྱིས་ཉེས་དོན་གྱི་ཁྲིམས་ཆད་ཕོག་མྱོང་ན། ཧབ་འཚོང་དཔོན་གྱི་འགན་ཁུར་མི་ཆོག

 

དོན་ཚན་བཅུ་དྲུག་པ། ཧབ་འཚོང་དཔོན་གྱི་འོས་བབ་དཔྱད་ཞིབ་ནི་ཧབ་འཚོང་ལས་རིགས་མཐུན་ཚོགས་ཀྱིས་གཅིག་གྱུར་ཐོག་སྒྲིག་འཛུགས་བྱ་རྒྱུ་དང་། དཔྱད་ཞིབ་བྱས་ནས་ཚད་གཞི་ལོན་ཚེ། ཧབ་འཚོང་ལས་རིགས་མཐུན་ཚོགས་ཀྱིས་ཧབ་འཚོང་དཔོན་ལ་འོས་བབ་ལག་ཁྱེར་སྤྲོད་རྒྱུ།

 

དོན་ཚན་བཅུ་བདུན་པ། ཧབ་འཚོང་ལས་རིགས་མཐུན་ཚོགས་ནི་བཅའ་ཁྲིམས་ལྟར་བཙུགས་པའི་སྤྱི་ཚོགས་ཀྱི་ཚོགས་པའི་ཁྲིམས་ཚན་པ་ཡིན་པ་དང་། ཧབ་འཚོང་ལས་རིགས་ཀྱི་རང་གཅུན་རང་བཞིན་ལྡན་པའི་རྩ་འཛུགས་ཤིག་ཡིན། ཧབ་འཚོང་ལས་རིགས་མཐུན་ཚོགས་ཀྱིས་བཅའ་ཁྲིམས་འདི་གཞིར་བཟུང་ནས་ཧབ་འཚོང་ཁེ་ལས་དང་ཧབ་འཚོང་དཔོན་ལ་ལྟ་སྐུལ་བྱ་རྒྱུ།

 

དོན་ཚན་བཅོ་བརྒྱད་པ། ཧབ་འཚོང་མཁན་གྱིས་མངགས་བཅོལ་བྱེད་མཁན་ལ་ཧབ་འཚོང་གི་དམིགས་བྱའི་འབྱུང་ཁུངས་དང་སྐྱོན་ཆ་ཕྲན་བུ་ཡོད་རིགས་གསལ་བཤད་བྱ་དགོས་པའི་བླང་བྱ་འདོན་དབང་ཡོད།

ཧབ་འཚོང་མཁན་གྱིས་འགྲན་ཉོ་བྱེད་མཁན་ལ་ཧབ་འཚོང་གི་དམིགས་བྱའི་སྐྱོན་ཆ་ཕྲན་བུ་ཡོད་ཚུལ་གསལ་བཤད་བྱ་དགོས།

 

དོན་ཚན་བཅུ་དགུ་པ། ཧབ་འཚོང་མཁན་གྱིས་མངགས་བཅོལ་བྱེད་མཁན་ནས་ཧབ་འཚོང་བྱ་རྒྱུར་སྤྲད་པའི་དངོས་རྫས་ལ་ཉར་ཚགས་བྱེད་པའི་འོས་འགན་འཁུར་དགོས།

 

དོན་ཚན་ཉི་ཤུ་པ། ཧབ་འཚོང་མཁན་གྱིས་མངགས་བཅོལ་དང་ལེན་ཞུས་རྗེས་མངགས་བཅོལ་བྱེད་མཁན་གྱི་མོས་མཐུན་མ་ཐོབ་པར་ཧབ་འཚོང་མཁན་གཞན་དག་ལ་ཧབ་འཚོང་བྱ་རྒྱུར་མངགས་བཅོལ་བྱས་མི་ཆོག

 

དོན་ཚན་ཉེར་གཅིག་པ། མངགས་བཅོལ་བྱེད་མཁན་དང་མཁོ་ཉོ་ཐུབ་མཁན་གྱིས་རང་གི་ཐོབ་ཐང་གསང་བ་བྱ་དགོས་པའི་བླང་བྱ་བཏོན་ན། ཧབ་འཚོང་མཁན་གྱིས་གསང་བ་དམ་སྲུང་བྱ་དགོས།

 

དོན་ཚན་ཉེར་གཉིས་པ། ཧབ་འཚོང་མཁན་དང་དེའི་ལས་སྒྲུབ་མི་སྣས་འགྲན་ཉོ་བྱེད་མཁན་གྱི་ཐོབ་ཐང་ཐོག་ནས་རང་གིས་སྒྲིག་འཛུགས་བྱས་པའི་ཧབ་འཚོང་བྱེད་སྒོར་ཞུགས་མི་ཆོག་པ་དང་། མི་གཞན་པར་མངགས་བཅོལ་བྱས་ནས་རང་གི་ཚབ་ཏུ་འགྲན་ཉོ་བྱས་མི་ཆོག

 

དོན་ཚན་ཉེར་གསུམ་པ། ཧབ་འཚོང་མཁན་གྱིས་རང་གིས་སྒྲིག་འཛུགས་བྱས་པའི་ཧབ་འཚོང་ལས་སྒོའི་ནང་རང་གི་ཅ་དངོས་སམ་ཡང་ན་རྒྱུ་ནོར་གྱི་བདག་དབང་ཧབ་འཚོང་བྱས་མི་ཆོག

 

དོན་ཚན་ཉེར་བཞི་པ། ཧབ་འཚོང་གི་ཚོང་འགྲིག་རྗེས། ཧབ་འཚོང་མཁན་གྱིས་ཁ་ཆད་བཞག་པ་ལྟར་མངགས་བཅོལ་བྱེད་མཁན་ལ་ཧབ་འཚོང་གི་དམིགས་བྱའི་རིན་དངུལ་སྤྲོད་དགོས་པ་དང་། ཁ་ཆད་བཞག་པ་ལྟར་ཧབ་འཚོང་གི་དམིགས་བྱ་དེ་མཁོ་ཉོ་ཐུབ་མཁན་ལ་རྩིས་སྤྲོད་བྱ་དགོས།

 

ས་བཅད་གཉིས་པ། མངགས་བཅོལ་བྱེད་མཁན།

 

དོན་ཚན་ཉེར་ལྔ་པ། མངགས་བཅོལ་བྱེད་མཁན་ཞེས་པ་ནི་ཧབ་འཚོང་མཁན་ལ་ཅ་དངོས་སམ་ཡང་ན་རྒྱུ་ནོར་གྱི་བདག་དབང་ཧབ་འཚོང་བྱ་རྒྱུར་མངགས་བཅོལ་བྱེད་པའི་སྤྱི་དམངས་དང་། ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་ལ་ཟེར།

 

དོན་ཚན་ཉེར་དྲུག་པ། མངགས་བཅོལ་བྱེད་མཁན་གྱིས་རང་ཉིད་ཀྱིས་ཧབ་འཚོང་མངགས་བཅོལ་གྱི་འགྲོ་ལུགས་འགྲིམས་ཆོག་ལ། རང་གི་ངོ་ཚབ་ཀྱིས་ཁོ་བོའི་ཚབ་ཏུ་ཧབ་འཚོང་མངགས་བཅོལ་གྱི་འགྲོ་ལུགས་འགྲིམ་རོགས་བྱས་ཀྱང་ཆོག

 

དོན་ཚན་ཉེར་བདུན་པ། མངགས་བཅོལ་བྱེད་མཁན་གྱིས་ཧབ་འཚོང་མཁན་ལ་ཧབ་འཚོང་གི་དམིགས་བྱའི་འབྱུང་ཁུངས་དང་སྐྱོན་ཆ་ཕྲན་བུ་ཇི་ཡོད་གསལ་བཤད་བྱ་དགོས།

 

དོན་ཚན་ཉེར་བརྒྱད་པ། མངགས་བཅོལ་བྱེད་མཁན་ལ་ཧབ་འཚོང་གི་དམིགས་བྱའི་ཚད་མཐུན་རིན་འབབ་གཏན་འཁེལ་བྱེད་དབང་ཡོད་པ་དང་། ཧབ་འཚོང་མཁན་ལ་གསང་བ་སྲུང་རྒྱུའི་བླང་བྱ་འདོན་དབང་ཡོད།

གཞུང་ཁོངས་རྒྱུ་ནོར་ཧབ་འཚོང་བྱ་བ་དེ་བཅའ་ཁྲིམས་ལྟར་རམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་དཔྱད་དཔོག་བྱ་དགོས་རིགས་ལ་ཁྲིམས་ལྟར་བཙུགས་པའི་དཔྱད་དཔོག་ལས་ཁུངས་ཀྱིས་དཔྱད་དཔོག་བྱ་དགོས་པ་མ་ཟད། དཔྱད་དཔོག་བྱས་འབྲས་ལ་གཞིགས་ནས་ཧབ་འཚོང་གི་དམིགས་བྱའི་ཚད་མཐུན་རིན་འབབ་གཏན་འཁེལ་བྱ་དགོས།

 

དོན་ཚན་ཉེར་དགུ་པ། མངགས་བཅོལ་བྱེད་མཁན་གྱིས་ཧབ་འཚོང་མ་བྱས་གོང་ཧབ་འཚོང་དམིགས་བྱ་ཕྱིར་འཐེན་བྱས་ཆོག མངགས་བཅོལ་བྱེད་མཁན་གྱིས་ཧབ་འཚོང་དམིགས་བྱ་ཕྱིར་འཐེན་བྱེད་རིགས་ཀྱིས་ཧབ་འཚོང་མཁན་ལ་ཁ་ཆད་བཞག་པའི་འགྲོ་གྲོན་སྤྲོད་དགོས་པ་དང་། ཁ་ཆད་བཞག་མེད་ན། ཧབ་འཚོང་མཁན་ལ་ཧབ་འཚོང་བྱེད་པར་ཕྱིར་བཏང་བའི་ལུགས་མཐུན་གྱི་འགྲོ་གྲོན་སྤྲོད་དགོས།

 

དོན་ཚན་སུམ་ཅུ་པ། མངགས་བཅོལ་བྱེད་མཁན་གྱིས་འགྲན་ཉོར་ཞུགས་མི་ཆོག་པ་དང་། སྐྱེ་བོ་གཞན་དག་མངགས་བཅོལ་བྱས་ཏེ་རང་གི་ངོ་ཚབ་ཏུ་འགྲན་ཉོ་བྱས་མི་ཆོག

 

དོན་ཚན་སོ་གཅིག་པ། ཁ་ཆད་ལྟར་མངགས་བཅོལ་བྱེད་མཁན་གྱིས་ཧབ་འཚོང་གི་དམིགས་བྱ་རྩིས་སྤྲོད་བྱེད་རིགས་ཧབ་འཚོང་གི་ཚོང་འགྲིག་རྗེས། མངགས་བཅོལ་བྱེད་མཁན་གྱིས་ཧབ་འཚོང་དམིགས་བྱ་དེ་མཁོ་ཉོ་ཐུབ་མཁན་ལ་རྩིས་སྤྲོད་བྱ་དགོས།

 

ས་བཅད་གསུམ་པ། འགྲན་ཉོ་བྱེད་མཁན།

 

དོན་ཚན་སོ་གཉིས་པ། འགྲན་ཉོ་བྱེད་མཁན་ཞེས་པ་ནི་ཧབ་འཚོང་དམིགས་བྱ་འགྲན་ཉོ་བྱེད་པར་ཞུགས་པའི་སྤྱི་དམངས་དང་། ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་བཅས་ལ་ཟེར།

 

དོན་ཚན་སོ་གསུམ་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ཧབ་འཚོང་དམིགས་བྱའི་ཉོ་ཚོང་ཐད་ཆ་རྐྱེན་གཏན་འབེབས་བྱས་ཡོད་ན། འགྲན་ཉོ་བྱེད་མཁན་ལ་གཏན་འབེབས་བྱས་པའི་ཆ་རྐྱེན་འཛོམས་དགོས།

 

དོན་ཚན་སོ་བཞི་པ། འགྲན་ཉོ་བྱེད་མཁན་གྱིས་རང་ཉིད་འགྲན་ཉོར་ཞུགས་ཆོག་ལ། རང་གི་ངོ་ཚབ་མངགས་བཅོལ་བྱས་ཏེ་འགྲན་ཉོར་ཞུགས་ཀྱང་ཆོག

 

དོན་ཚན་སོ་ལྔ་པ། འགྲན་ཉོ་བྱེད་མཁན་ལ་ཧབ་འཚོང་དམིགས་བྱར་སྐྱོན་ཆ་ཕྲན་བུ་ཇི་ཡོད་ཤེས་རྟོགས་བྱེད་དབང་ཡོད་པ་དང་། ཧབ་འཚོང་དམིགས་བྱར་དཔྱད་བཤེར་དང་ཧབ་འཚོང་སྐོར་གྱི་དཔྱད་གཞིའི་ཡིག་རིགས་ཀློག་བཤེར་བྱེད་དབང་ཡོད།

 

དོན་ཚན་སོ་དྲུག་པ། འགྲན་ཉོ་བྱེད་མཁན་གྱིས་གོང་ཚད་ཕབ་པའི་རྗེས་སུ་ཕྱིར་འཐེན་བྱས་མི་ཆོག་པ་དང་། འགྲན་ཉོ་བྱེད་མཁན་གཞན་དག་གིས་གོང་ཚད་སྔར་ལས་མཐོ་བ་ཕབ་ཡོད་ན། དེས་སྔའི་གོང་ཚད་ཕབ་པའི་གཅུན་ནུས་ཤོར་རྒྱུ།

 

དོན་ཚན་སོ་བདུན་པ། འགྲན་ཉོ་བྱེད་མཁན་བར་དང་། འགྲན་ཉོ་བྱེད་མཁན་དང་ཧབ་འཚོང་མཁན་བར་ངན་པ་ལག་འབྲེལ་བྱས་ནས་སྐྱེ་བོ་གཞན་གྱི་ཁེ་ཕན་ལ་གནོད་འཚེ་བཏང་མི་ཆོག

 

ས་བཅད་བཞི་པ། མཁོ་ཉོ་ཐུབ་མཁན།

 

དོན་ཚན་སོ་བརྒྱད་པ། མཁོ་ཉོ་ཐུབ་མཁན་ཞེས་པ་ནི་རིན་གོང་མཐོ་ཤོས་ཕབ་ནས་ཧབ་འཚོང་དམིགས་བྱ་ཉོ་སྒྲུབ་བྱེད་ཐུབ་པའི་འགྲན་ཉོ་བྱེད་མཁན་ལ་ཟེར།

 

དོན་ཚན་སོ་དགུ་པ། མཁོ་ཉོ་ཐུབ་མཁན་གྱིས་ཁ་ཆད་བཞག་པ་ལྟར་ཧབ་འཚོང་དམིགས་བྱའི་རིན་དངུལ་སྤྲོད་དགོས་པ་དང་། ཁ་ཆད་བཞག་པ་ལྟར་རིན་དངུལ་མ་སྤྲད་ན། ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས་པའམ་ཡང་ན་མངགས་བཅོལ་བྱེད་མཁན་གྱི་མོས་མཐུན་ཐོབ་རྗེས་ཧབ་འཚོང་མཁན་གྱིས་ཧབ་འཚོང་དམིགས་བྱ་བསྐྱར་དུ་ཧབ་འཚོང་བྱེད་དགོས། ཧབ་འཚོང་དམིགས་བྱ་བསྐྱར་དུ་ཧབ་འཚོང་བྱེད་རིགས། སྔོན་གྱི་ཉོ་མཁན་གྱིས་ཧབ་འཚོང་ཐེངས་དང་པོའི་ནང་རང་ཉིད་དང་མངགས་བཅོལ་བྱེད་མཁན་གྱིས་སྤྲོད་དགོས་པའི་གླ་དངུལ་སྤྲོད་དགོས་པ་དང་། བསྐྱར་དུ་ཧབ་འཚོང་བྱས་པའི་རིན་གོང་དེ་སྔར་གྱི་ཧབ་འཚོང་བྱས་པའི་རིན་གོང་ལས་དམའ་བ་ཡིན་ན། སྔོན་གྱི་ཉོ་མཁན་གྱིས་ཆད་གྲངས་ཁ་གསབ་འདང་ངེས་བྱ་དགོས།

 

དོན་ཚན་བཞི་བཅུ་པ། མཁོ་ཉོ་ཐུབ་མཁན་ལ་ཁ་ཆད་བཞག་པ་ལྟར་ཧབ་འཚོང་དམིགས་བྱ་མ་ཐོབ་ན། ཧབ་འཚོང་མཁན་ནམ་མངགས་བཅོལ་བྱེད་མཁན་ལ་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས་པའི་བླང་བྱ་འདོན་དབང་ཡོད། མཁོ་ཉོ་ཐུབ་མཁན་གྱིས་ཁ་ཆད་བཞག་པ་ལྟར་ཧབ་འཚོང་དམིགས་བྱ་རྩིས་ལེན་མ་བྱས་ན་དེའི་རྐྱེན་ལས་བྱུང་བའི་ཉར་ཚགས་བྱེད་ཡོན་སྤྲོད་དགོས།

 

ལེའུ་བཞི་པ། ཧབ་འཚོང་གི་གོ་རིམ་གྱི་སྐོར།

 

ས་བཅད་དང་པོ། ཧབ་འཚོང་མངགས་བཅོལ་བྱེད་ཕྱོགས།

 

དོན་ཚན་ཞེ་གཅིག་པ། མངགས་བཅོལ་བྱེད་མཁན་གྱིས་ཅ་དངོས་སམ་རྒྱུ་ནོར་གྱི་བདག་དབང་ཧབ་འཚོང་བྱ་རྒྱུར་མངགས་བཅོལ་བྱེད་སྐབས། ཐོབ་ཐང་དཔང་ཡིག་དང་ཧབ་འཚོང་མཁན་གྱིས་མཁོ་སྤྲོད་བྱ་རྒྱུའི་རེ་བ་ཞུ་བའི་ཧབ་འཚོང་དམིགས་བྱའི་བདག་དབང་དཔང་ཡིག་གམ་ཡང་ན་ཁྲིམས་ལྟར་ཧབ་འཚོང་དམིགས་བྱ་ཐག་གཅོད་བྱས་ཆོག་པའི་དཔང་ཡིག་དང་དཔྱད་ཡིག་གཞན་དག་འདོན་སྤྲོད་བྱ་དགོས།

 

དོན་ཚན་ཞེ་གཉིས་པ། ཧབ་འཚོང་མཁན་གྱིས་མངགས་བཅོལ་བྱེད་མཁན་གྱིས་འདོན་སྤྲོད་བྱས་པའི་འབྲེལ་ཡོད་ཡིག་ཆ་དང་། དཔྱད་གཞིའི་ཡིག་རིགས་ལ་ཞིབ་དཔྱད་བྱ་དགོས། ཧབ་འཚོང་མཁན་གྱིས་མངགས་བཅོལ་དང་ལེན་བྱེད་སྐབས་མངགས་བཅོལ་བྱེད་མཁན་དང་ཡིག་ཐོག་ནས་ཧབ་འཚོང་བྱ་རྒྱུར་མངགས་བཅོལ་བྱེད་པའི་གན་རྒྱ་འཇོག་དགོས།

 

དོན་ཚན་ཞེ་གསུམ་པ། ཧབ་འཚོང་མཁན་གྱིས་ཧབ་འཚོང་དམིགས་བྱར་གསལ་འབྱེད་བྱ་དགོས་འདུག་སྙམ་ན་གསལ་འབྱེད་བྱས་ཆོག

གསལ་འབྱེད་ཀྱི་བསྡོམས་ཚིག་ཧབ་འཚོང་བྱ་རྒྱུར་མངགས་བཅོལ་བྱེད་པའི་གན་རྒྱའི་ནང་གསལ་ཧབ་འཚོང་དམིགས་བྱའི་གནས་ཚུལ་དང་མི་མཐུན་པའི་རིགས། ཧབ་འཚོང་མཁན་གྱིས་གན་རྒྱ་བསྒྱུར་བཅོས་སམ་ཕྱིར་འཐེན་བྱ་རྒྱུའི་བླང་བྱ་བཏོན་ཆོག

 

དོན་ཚན་ཞེ་བཞི་པ། ཧབ་འཚོང་བྱ་རྒྱུར་མངགས་བཅོལ་བྱེད་པའི་གན་རྒྱའི་ནང་གཤམ་གསལ་གྱི་དོན་ཚན་དག་གསལ་བོར་བཀོད་དགོས་པ་སྟེ།

(གཅིག)མངགས་བཅོལ་བྱེད་མཁན་དང་། ཧབ་འཚོང་མཁན་གྱི་རུས་མིང་ངམ་མིང་དང་སྡོད་གནས་དང་།

(གཉིས།)ཧབ་འཚོང་དངིགས་བྱའི་མིང་དང་། ཚད་གཞི། གྲངས་འབོར། སྤུས་ཚད།

(གསུམ།)མངགས་བཅོལ་བྱེད་མཁན་གྱིས་བཏོན་པའི་ཚད་མཐུན་རིན་འབབ།

(བཞི།)ཧབ་འཚོང་བྱེད་དུས་དང་འཚོང་ས།

(ལྔ།)ཧབ་འཚོང་དམིགས་བྱ་སྤྲོད་ལེན་ནམ་སྤོ་སྐྱེལ་བྱེད་པའི་དུས་ཚོད་དང་བྱེད་སྟངས།

(དྲུག)བར་དངུལ་དང་དེའི་སྤྲོད་སྟངས། དུས་བཀག

(བདུན།)རིན་དངུལ་སྤྲོད་སྟངས་དང་། དུས་བཀག

(བརྒྱད།)ཁ་ཆད་དང་འགལ་བའི་ཁག་འགན།

(དགུ།)ཕྱོགས་གཉིས་ཀས་ཁ་ཆད་བཞག་པའི་དོན་ཚན་གཞན་དག་བཅས་ཡིན།

 

ས་བཅད་གཉིས་པ། ཧབ་འཚོང་གི་སྤྱི་བསྒྲགས་དང་འགྲེམས་སྟོན།

 

དོན་ཚན་ཞེ་ལྔ་པ། ཧབ་འཚོང་མཁན་གྱི་ཧབ་འཚོང་བྱེད་ཉིན་གྱི་ཉིན་བདུན་གྱི་སྔོན་ལ་ཧབ་འཚོང་གི་སྤྱི་བསྒྲགས་སྤེལ་དགོས།

 

དོན་ཚན་ཞེ་དྲུག་པ། ཧབ་འཚོང་གི་སྤྱི་བསྒྲགས་ནང་གཤམ་གསལ་གྱི་དོན་ཚན་དག་གསལ་བོར་བཀོད་དགོས་པ་སྟེ།

(གཅིག) ཧབ་འཚོང་བྱེད་དུས་དང་འཚོང་ས།

(གཉིས།)ཧབ་འཚོང་གི་དམིགས་བྱ།

(གསུམ།)ཧབ་འཚོང་དམིགས་བྱ་འགྲེམས་སྟོན་བྱེད་པའི་དུས་ཚོད་དང་བྱེད་ས།

(བཞི།)འགྲན་ཉོ་བྱེད་པར་གཞུག་པར་འགྲིམ་དགོས་པའི་འགྲོ་ལུགས།

(ལྔ།)སྤྱི་བསྒྲགས་བྱ་དགོས་པའི་དོན་ཚན་གཞན་དག་བཅས་ཡིན།

 

དོན་ཚན་ཞེ་བདུན་པ། ཧབ་འཚོང་གི་སྤྱི་བསྒྲགས་ནི་ཚགས་པར་རམ་ཡང་ན་གསར་འགྱུར་མཚམས་སྦྱོར་གཞན་དག་ལ་བརྟེན་ནས་འགྲེམས་བསྒྲགས་བྱ་དགོས།

 

དོན་ཚན་ཞེ་བརྒྱད་པ། ཧབ་འཚོང་མཁན་གྱིས་ཧབ་འཚོང་མ་བྱས་གོང་ཧབ་འཚོང་དམིགས་བྱ་འགྲེམས་སྟོན་བྱ་དགོས་པ་དང་། ཧབ་འཚོང་དམིགས་བྱར་ལྟ་ཞིབ་བྱེད་པའི་ཆ་རྐྱེན་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱ་དགོས། ཧབ་འཚོང་དམིགས་བྱ་འགྲེམས་སྟོན་བྱེད་ཡུན་ཉིན་གཉིས་ལས་ཉུང་མི་རུང་།

 

ས་བཅད་གསུམ་པ། ཧབ་འཚོང་ལག་བསྟར་བྱེད་ལུགས།

 

དོན་ཚན་ཞེ་དགུ་པ། ཧབ་འཚོང་དཔོན་གྱིས་ཧབ་འཚོང་མ་བྱས་གོང་ཧབ་འཚོང་གི་སྒྲིག་སྲོལ་དང་དོ་སྣང་བྱ་དགོས་པའི་དོན་ཚན་དག་ཁྱབ་བསྒྲགས་བྱ་དགོས།

 

དོན་ཚན་ལྔ་བཅུ་པ། ཧབ་འཚོང་དམིགས་བྱར་ཚད་མཐུན་རིན་འབབ་མེད་ན། ཧབ་འཚོང་དཔོན་གྱིས་ཧབ་འཚོང་མ་བྱས་གོང་ལ་གསལ་བཤད་བྱ་དགོས།

ཧབ་འཚོང་དམིགས་བྱར་ཚད་མཐུན་རིན་འབབ་ཡོད་ན། འགྲན་ཉོ་བྱེད་མཁན་གྱིས་གོང་ཚད་མཐོ་ཤོས་ཕབ་ནས་ཚད་མཐུན་རིན་འབབ་ལ་མ་སླེབས་ཚེ། རིན་གོང་ཕབ་པ་དེར་ནུས་པ་མི་འཐོན་པ་དང་། ཧབ་འཚོང་དཔོན་གྱིས་ཧབ་འཚོང་དམིགས་བྱ་ཧབ་འཚོང་བྱེད་པ་མཚམས་འཇོག་དགོས།

 

དོན་ཚན་ང་གཅིག་པ། འགྲན་ཉོ་བྱེད་མཁན་གྱིས་གོང་ཚད་མཐོ་ཤོས་ཕབ་པ་དེ་ཧབ་འཚོང་དཔོན་གྱིས་དབྱུག་དབྱུག་བཞག་པའམ་ཡང་ན་ཡོངས་གྲགས་སུ་ཉོ་གཏན་འཁེལ་བའི་རྣམ་པ་གཞན་དག་ལ་བརྟེན་ནས་གཏན་འཁེལ་བྱས་རྗེས་ཧབ་འཚོང་གི་ཚོང་འགྲིག་རྒྱུ།

 

དོན་ཚན་ང་གཉིས་པ། ཧབ་འཚོང་བྱེད་པའི་ཚོང་འགྲིག་རྗེས། མཁོ་ཉོ་ཐུབ་མཁན་དང་ཧབ་འཚོང་མཁན་གཉིས་ཀྱིས་ཚོང་འགྲིག་ངོས་འཛིན་དཔང་ཡིག་ལ་མིང་རྟགས་འགོད་དགོས།

 

དོན་ཚན་ང་གསུམ་པ། ཧབ་འཚོང་མཁན་གྱིས་ཧབ་འཚོང་བྱེད་སྐབས་ཧབ་འཚོང་གི་ཟིན་ཐོ་འགོད་དགོས་པ་དང་། ཧབ་འཚོང་གི་ཟིན་ཐོར་ཧབ་འཚོང་དཔོན་དང་ཟིན་ཐོ་འགོད་མཁན་གྱིས་མིང་རྟགས་འགོད་དགོས་པར། ཧབ་འཚོང་བྱེད་པའི་ཚོང་འགྲིག་ན། མཁོ་ཉོ་ཐུབ་མཁན་གྱིས་ཀྱང་མིང་རྟགས་འགོད་དགོས།

 

དོན་ཚན་ང་བཞི་པ། ཧབ་འཚོང་མཁན་གྱིས་འབྲེལ་ཡོད་ལས་སྒོ་གཉེར་སྐྱོང་བྱེད་པའི་རྩིས་ཐོ་ཆ་ཚང་དང་། ཧབ་འཚོང་གི་ཟིན་ཐོ། འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་གཞན་དག་བཅས་ཉར་ཚགས་དོ་ཏན་བྱ་དགོས། གོང་གསལ་ནང་གསེས་དོན་ཚན་ནང་གཏན་ལ་ཕབ་པའི་རྩིས་ཐོ་དང་། ཧབ་འཚོང་གི་ཟིན་ཐོ། འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་གཞན་དག་བཅས་ཉར་ཚགས་བྱེད་པའི་དུས་ཚད་ནི་ཧབ་འཚོང་བྱེད་པར་མངགས་བཅོལ་བྱེད་པའི་གན་རྒྱ་མཚམས་འཇོག་པའི་ཉིན་ནས་བརྩི་རྒྱུ་ལས་ལོ་ལྔ་ལས་ཉུང་མི་རུང་།

 

དོན་ཚན་ང་ལྔ་པ། ཧབ་འཚོང་དམིགས་བྱར་བཅའ་ཁྲིམས་ལྟར་ལག་ཁྱེར་བསྒྱུར་བ་དང་། རྒྱུ་ནོར་བདག་དབང་བརྗེ་བའི་འགྲོ་ལུགས་འགྲིམ་དགོས་བྱུང་ན། མངགས་བཅོལ་བྱེད་མཁན་དང་། མཁོ་ཉོ་ཐུབ་མཁན་གྱིས་ཧབ་འཚོང་མཁན་གྱིས་བཏོན་པའི་ཚོང་འགྲིག་དཔང་ཡིག་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ཁྱེར་ནས་འབྲེལ་ཡོད་སྲིད་འཛིན་དོ་དམ་ལས་ཁུངས་ལ་འགྲོ་ལུགས་འགྲིམ་དགོས།

 

ས་བཅད་བཞི་པ། བར་དངུལ།

 

དོན་ཚན་ང་དྲུག་པ། མངགས་བཅོལ་བྱེད་མཁན་དང་མཁོ་ཉོ་ཐུབ་མཁན་གྱིས་ཧབ་འཚོང་མཁན་དང་བར་དངུལ་གྱི་བསྡུར་ཚད་ཁ་ཆད་བཞག་ཆོག

མངགས་བཅོལ་བྱེད་མཁན་དང་། མཁོ་ཉོ་ཐུབ་མཁན་གྱིས་ཧབ་འཚོང་མཁན་དང་བར་དངུལ་གྱི་བསྡུར་ཚད་ཁ་ཆད་མ་བཞག་པར་ཧབ་འཚོང་བྱས་པའི་ཚོང་འགྲིག་ན། ཧབ་འཚོང་མཁན་གྱིས་མངགས་བཅོལ་བྱེད་མཁན་དང་། མཁོ་ཉོ་ཐུབ་མཁན་སོ་སོར་ལས་ཧབ་འཚོང་བྱས་པའི་ཚོང་འགྲིག་རིན་གོང་གི་བརྒྱ་ཆ་ལྔ་ལས་མི་བརྒལ་བའི་བར་དངུལ་བླངས་ཆོག བར་དངུལ་ལེན་པའི་བསྡུར་ཚད་ནི་ཧབ་འཚོང་བྱས་པའི་ཚོང་འགྲིག་རིན་གོང་དང་བསྡུར་ཚད་ལྡོག་པའི་རྩ་དོན་ལྟར་གཏན་འཁེལ་བྱ།

ཧབ་འཚོང་བྱས་པའི་ཚོང་མ་འགྲིག་པའི་རིགས། ཧབ་འཚོང་མཁན་གྱིས་མངགས་བཅོལ་བྱེད་མཁན་ས་ནས་ཁ་ཆད་བཞག་པའི་འགྲོ་གྲོན་བླངས་ཆོག་པ་དང་། ཁ་ཆད་བཞག་མེད་ན། མངགས་བཅོལ་བྱེད་མཁན་ས་ནས་ཧབ་འཚོང་བྱེད་པར་ཕྱིར་བཏང་བའི་ལུགས་མཐུན་གྱི་འགྲོ་གྲོན་བླངས་ཆོག

 

དོན་ཚན་ང་བདུན་པ། བཅའ་ཁྲིམས་འདིའི་དོན་ཚན་དགུ་པར་གཏན་འབེབས་བྱས་པའི་དངོས་རྫས་ཧབ་འཚོང་བྱས་ནས་ཚོང་འགྲིག་རིགས། ཧབ་འཚོང་མཁན་གྱིས་མཁོ་ཉོ་ཐུབ་མཁན་ས་ནས་ཧབ་འཚོང་བྱས་པའི་ཚོང་འགྲིག་རིན་གོང་གི་བརྒྱ་ཆ་ལྔ་ལས་མི་བརྒལ་བའི་བར་དངུལ་བླངས་ཆོག་པར། བར་དངུལ་ལེན་པའི་བསྡུར་ཚད་ནི་ཧབ་འཚོང་བྱས་པའི་ཚོང་འགྲིག་རིན་གོང་དང་བསྡུར་ཚད་ལྡོག་པའི་རྩ་དོན་ལྟར་གཏན་འཁེལ་བྱ། ཧབ་འཚོང་བྱས་པའི་ཚོང་མ་འགྲིག་པའི་རིགས་ལ་བཅའ་ཁྲིམས་འདིའི་དོན་ཚན་ང་དྲུག་པའི་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་སྤྱད་འཐུས།

 

ལེའུ་ལྔ་པ། ཁྲིམས་ལུགས་ཀྱི་འགན་འཁྲིའི་སྐོར།

 

དོན་ཚན་ང་བརྒྱད་པ། མངགས་བཅོལ་བྱེད་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་དྲུག་པའི་གཏན་འབེབས་དང་འགལ་ཏེ་རང་ལ་བདག་དབང་མེད་པའམ་ཡང་ན་བཅའ་ཁྲིམས་ལྟར་ཐག་གཅོད་བྱས་མི་ཆོག་པའི་ཅ་དངོས་སམ་རྒྱུ་ནོར་གྱི་བདག་དབང་ཧབ་འཚོང་བྱེད་པར་མངགས་བཅོལ་བྱས་རིགས་ཀྱིས་བཅའ་ཁྲིམས་ལྟར་ཁག་འགན་འཁུར་དགོས། ཧབ་འཚོང་མཁན་གྱིས་མངགས་བཅོལ་བྱེད་མཁན་ནས་ཧབ་འཚོང་བྱེད་པའི་ཅ་དངོས་སམ་རྒྱུ་ནོར་གྱི་བདག་དབང་ལ་བདག་དབང་མེད་པའམ་ཡང་ན་བཅའ་ཁྲིམས་ལྟར་ཐག་གཅོད་བྱས་མི་ཆོག་པ་ཤེས་བཞིན་དུ་ཧབ་འཚོང་བྱས་རིགས་ཀྱིས་ལེ་འབྲེལ་གྱི་འགན་འཁྲི་འཁུར་དགོས།

 

དོན་ཚན་ང་དགུ་པ། རྒྱལ་ཁབ་ལས་ཁུངས་ཀྱིས་བཅའ་ཁྲིམས་འདིའི་དོན་ཚན་དགུ་པའི་གཏན་འབེབས་དང་འགལ་ཏེ་རྒྱུ་ནོར་གནས་སའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ངམ་ཆུས་བཙུགས་པའི་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་ཧབ་འཚོང་མཁན་ལ་ཧབ་འཚོང་བྱེད་པ་མངགས་བཅོལ་བྱས་པའི་དངོས་རྫས་རང་མཚམས་ཀྱིས་ཐག་གཅོད་བྱས་རིགས། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་ལ་བཅའ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། རྒྱལ་ཁབ་ལ་གྱོང་གུན་བཟོས་རིགས་ད་དུང་སྐྱིན་ཚབ་སྤྲོད་འགན་འཁུར་དགོས།

 

དོན་ཚན་དྲུག་ཅུ་པ། བཅའ་ཁྲིམས་འདིའི་དོན་ཚན་བཅུ་གཅིག་པའི་གཏན་འབེབས་དང་འགལ་ཏེ་ཆོག་འཐུས་ཐོ་འགོད་མ་བྱས་པར་ཧབ་འཚོང་ཁེ་ལས་བཙུགས་རིགས་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་རྩིས་མེད་དུ་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག

 

དོན་ཚན་རེ་གཅིག་པ། ཧབ་འཚོང་མཁན་དང་། མངགས་བཅོལ་བྱེད་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་གསེས་དོན་ཚན་གཉིས་པ་དང་། དོན་ཚན་ཉེར་བདུན་པའི་གཏན་འབེབས་ལས་འགལ་ཏེ། ཧབ་འཚོང་དམིགས་བྱའི་སྐྱོན་ཆ་ཕྲན་བུ་གསལ་བཤད་མ་བྱས་པས་མཁོ་ཉོ་ཐུབ་མཁན་ལ་གྱོང་གུན་བཟོས་ན། མཁོ་ཉོ་ཐུབ་མཁན་གྱིས་ཧབ་འཚོང་མཁན་ལ་སྐྱིན་ཚབ་སྤྲོད་དུ་འཇུག་དགོས་པའི་བླང་བྱ་བཏོན་ཆོག་པ་དང་། མངགས་བཅོལ་བྱེད་མཁན་གྱི་ཁག་འགན་ཡིན་ན། ཧབ་འཚོང་མཁན་གྱིས་མངགས་བཅོལ་བྱེད་མཁན་ལ་སྐྱིན་ཚབ་བདའ་འདེད་བྱེད་དབང་ཡོད། ཧབ་འཚོང་མཁན་དང་མངགས་བཅོལ་བྱེད་མཁན་གྱིས་ཧབ་འཚོང་མ་བྱས་གོང་ཧབ་འཚོང་དམིགས་བྱའི་བདེན་རྫུན་ནམ་རྒྱུ་སྤུས་ལ་འགན་ལེན་བྱེད་མི་ཐུབ་པའི་གསལ་བསྒྲགས་སྤེལ་རིགས། སྐྱོན་ཕྲན་ཡོད་པར་ཁག་ཐེག་བྱེད་འགན་འཁུར་མི་དགོས། ཧབ་འཚོང་དམིགས་བྱར་སྐྱོན་ཆ་ཕྲན་བུ་ཡོད་པ་གསལ་བསྒྲགས་མ་བྱས་ན། སྐྱིན་ཚབ་འཇལ་རེ་ཞུ་བའི་གཏུག་བཤེར་ནུས་ཡོད་ཀྱི་ཡུན་ཚད་ལོ་གཅིག་ཡིན་ཞིང་། དོ་བདག་གིས་ཁེ་དབང་ལ་གནོད་སྐྱོན་ཕོག་པ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་བརྩི་རྒྱུ།

ཧབ་འཚོང་དམིགས་བྱར་སྐྱོན་ཆ་ཡོད་པའི་རྐྱེན་གྱིས་མི་ལུས་དང་རྒྱུ་ནོར་ལ་གནོད་སྐྱོན་བྱུང་ནས་སྐྱིན་ཚབ་འཇལ་རེ་ཞུ་བའི་གཏུག་བཤེར་ནུས་ཡོད་ཀྱི་ཡུན་ཚད་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་ཀྱི་བཅའ་ཁྲིམས་དང་བཅའ་ཁྲིམས་གཞན་དག་གི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་(གཅིག་)པ།

 

དོན་ཚན་རེ་གཉིས་པ། ཧབ་འཚོང་མཁན་དང་དེའི་ལས་བྱེད་མི་སྣས་བཅའ་ཁྲིམས་འདིའི་དོན་ཚན་ཉེར་གཉིས་པའི་གཏན་འབེབས་དང་འགལ་ཏེ་འགྲན་ཉོར་ཞུགས་པའམ་ཡང་ན་སྐྱེ་བོ་གཞན་དག་རང་གི་ངོ་ཚབ་ཏུ་མངགས་ཏེ་འགྲན་ཉོ་བྱེད་དུ་བཅུག་རིགས་ལ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཧབ་འཚོང་མཁན་ལ་ཐ་ཚིག་བསྒྲག་རྒྱུ་དང་། ཧབ་འཚོང་གི་བར་དངུལ་གྱི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་བཅད་ཆོག ཉེས་ཚབས་ཆེ་རིགས་ལ་ལས་གཉེར་བྱས་འཐུས་ལག་ཁྱེར་ཕྱིར་བསྡུ་བྱ་རྒྱུ།

 

དོན་ཚན་རེ་གསུམ་པ། བཅའ་ཁྲིམས་འདིའི་དོན་ཚན་ཉེར་གསུམ་པའི་གཏན་འབེབས་དང་འགལ་ཏེ། ཧབ་འཚོང་མཁན་གྱིས་རང་གིས་སྒྲིག་འཛུགས་བྱས་པའི་ཧབ་འཚོང་ལས་སྒོའི་ནང་རང་གི་ཅ་དངོས་སམ་རྒྱུ་ནོར་གྱི་བདག་དབང་ཧབ་འཚོང་བྱས་པའི་རིགས་ལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཧབ་འཚོང་བྱས་ནས་ཡོང་བའི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ།

 

དོན་ཚན་རེ་བཞི་པ། བཅའ་ཁྲིམས་འདིའི་དོན་ཚན་སུམ་ཅུ་པའི་གཏན་འབེབས་དང་འགལ་ཏེ་མངགས་བཅོལ་བྱེད་མཁན་གྱིས་འགྲན་ཉོར་ཞུགས་པའམ་སྐྱེ་བོ་གཞན་དག་རང་གི་ངོ་ཚབ་ཏུ་མངགས་ཏེ་འགྲན་ཉོར་ཞུགས་ན། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་མངགས་བཅོལ་བྱེད་མཁན་ལ་ཧབ་འཚོང་བྱས་པའི་ཚོང་འགྲིག་རིན་གོང་གི་བརྒྱ་ཆ་སུམ་ཅུ་མན་གྱི་དངུལ་ཆད་བཅད་ཆོག

 

དོན་ཚན་རེ་ལྔ་པ། བཅའ་ཁྲིམས་འདིའི་དོན་ཚན་སོ་བདུན་པའི་གཏན་འབེབས་དང་འགལ་ཏེ་འགྲན་ཉོ་བྱེད་མཁན་བར་དང་། འགྲན་ཉོ་བྱེད་མཁན་དང་ཧབ་འཚོང་མཁན་བར་ངན་པ་ལག་འབྲེལ་བྱས་ཏེ་མི་གཞན་དག་ལ་གནོད་སྐྱོན་བཟོས་ན། ་ཧབ་འཚོང་བྱས་པ་དེ་རྩིས་འགྲོ་མེད་པར་བཅའ་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་འགན་འཁུར་དགོས། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ངན་པ་ལག་འབྲེལ་དུ་ཞུགས་པའི་འགྲན་ཉོ་བྱེད་མཁན་ལ་གོང་ཚད་མཐོ་ཤོས་ཕབ་པའི་བརྒྱ་ཆ་བཅུ་ཡན་ནས་བརྒྱ་ཆ་སུམ་ཅུ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ངན་པ་ལག་འབྲེལ་དུ་ཞུགས་པའི་ཧབ་འཚོང་མཁན་ལ་གོང་ཚད་མཐོ་ཤོས་ཕབ་པའི་བརྒྱ་ཆ་བཅུ་ཡན་ནས་བརྒྱ་ཆ་ལྔ་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ།

 

དོན་ཚན་རེ་དྲུག་པ། བཅའ་ཁྲིམས་འདིའི་ལེའུ་བཞི་པའི་ས་བཅད་བཞི་པའི་ནང་འཁོད་བར་དངུལ་གྱི་བསྡུར་ཚད་སྐོར་གྱི་གཏན་འབེབས་དང་འགལ་ནས་བར་དངུལ་བླངས་རིགས། ཧབ་འཚོང་མཁན་གྱིས་ཚད་ལས་བརྒལ་ནས་བསྡུས་པའི་ཆ་དེ་མངགས་བཅོལ་མཁན་དང་། མཁོ་ཉོ་ཐུབ་མཁན་ལ་ཕྱིར་སློག་བྱ་དགོས། ཟོག་གོང་དོ་དམ་སྡེ་ཁག་གིས་ཧབ་འཚོང་མཁན་ལ་ཧབ་འཚོང་གི་བར་དངུལ་གྱི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་བཅད་ཆོག

 

ལེའུ་དྲུག་པ། ཞར་བྱུང་དོན་ཚན།

 

དོན་ཚན་རེ་བདུན་པ། ཕྱི་རྒྱལ་བ་དང་། ཕྱི་རྒྱལ་གྱི་ཁེ་ལས་དང་རྩ་འཛུགས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཧབ་འཚོང་བྱེད་པར་མངགས་བཅོལ་བྱས་པའམ་འགྲན་ཉོའི་ནང་ཞུགས་རིགས་བཅའ་ཁྲིམས་འདི་སྤྱད་འཐུས།

 

དོན་ཚན་རེ་བརྒྱད་པ། བཅའ་ཁྲིམས་འདི་ལག་བསྟར་མ་བྱས་གོང་བཙུགས་པའི་ཧབ་འཚོང་ཁེ་ལས་ལ་བཅའ་ཁྲིམས་འདིར་གཏན་འབེབས་བྱས་པའི་ཆ་རྐྱེན་མ་འཛོམས་ན། གཏན་འབེབས་བྱས་པའི་དུས་བཀག་ནང་བཅའ་ཁྲིམས་འདིར་གཏན་འབེབས་བྱས་པའི་ཆ་རྐྱེན་འཛོམས་དགོས་པ་དང་། དུས་ལས་ཡོལ་ཡང་བཅའ་ཁྲིམས་འདིར་གཏན་ལ་ཕབ་པའི་ཆ་རྐྱེན་མ་འཛོམས་ན། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཐོ་ཁོངས་ནས་བསུབ་རྒྱུ་དང་། ལས་གཉེར་བྱས་འཐུས་ལག་ཁྱེར་རྩིས་ལེན་བྱ་རྒྱུ། ལག་བསྟར་བྱེད་ཐབས་ཞིབ་ཕྲ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོགས་སུ་གཏན་འབེབས་བྱ་རྒྱུ།

 

དོན་ཚན་རེ་དགུ་པ། བཅའ་ཁྲིམས་འདི་1997ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་དུ་བསྟར་རྒྱུ།


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号